ཆེ་དགྲ་ལྷས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཟིགས་སྐྱོང་བྱ་ཡུལ་དང་། དཀའ་ངལ་ཡོད་པའི་དུད་ཚང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། ངལ་རྩོལ་དཔེ་བཟང་གི་འཐུས་མི། དཀའ་ངལ་ཡོད་པའི་ལས་བཟོ། ལས་འཁྱུར་ངལ་གསོ་རྒྱག་མཁན་བཟོ་པ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས1ཉིན་གྱི་སྔ་དྲོར་ལྷ་སར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཟིགས་སྐྱོང་བྱ་ཡུལ་དང་། དཀའ་ངལ་ཡོད་པའི་དུད་ཚང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། ངལ་རྩོལ་དཔེ་བཟང་གི་འཐུས་མི། དཀའ་ངལ་ཡོད་པའི་ལས་བཟོ། ལས་འཁྱུར་ངལ་གསོ་རྒྱག་མཁན་བཟོ་པ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ནས་ཁོ་ཚོ་དང་ཁོ་ཚོ་བརྒྱུད་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་། མང་ཚོགས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པར་གནང་བ་རེད།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུས་ཞུའེ་ཀོང་དང་བསོད་ནམས་རིག་འཛིན་གཟིགས་པ་དང་འཚམས་འདྲི་གནང་བར་མཉམ་དུ་ཕེབས་པ་རེད།

“བཀྲ་ཤིས་བདེ་ལེགས”ཞེས་པའི་བྱམས་བརྩེའི་འཚམས་འདྲི་སྨོན་འདུན་ཞུས་པ་དང་བཅས་སྔ་རྗེས་སུ་ཆེ་དགྲ་ལྷ་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས། བོད་ལྗོངས་ཁང་ཆེན་བཅས་ལ་ཕེབས་ནས་ཚང་མར་རེ་རེ་བཞིན་ཕྱག་བཏང་གནང་བ་དང་ཁ་བཏགས་གཡོགས་ནས་བྱམས་བརྩེའི་བཞུགས་མོལ་ཡང་གནང་བ་རེད། “དཀའ་ངལ་ག་རེ་འདུག་གམ། བོད་ཀྱི་བྱ་གཞག་ཁག་ལ་གྲོས་འགོ་གང་ཡོད་དམ”ཞེས་ཆེ་དགྲ་ལྷས་བཀའ་འདྲི་ཞིབ་ཚགས་གནང་ཞིང་། ཁོང་གིས། ཏང་དང་སྲིད་གཞུང་གིས་དམངས་འཚོ་ལེགས་གཏོང་དང་འགན་ལེན་ལ་མཐོང་ཆེན་གནང་གི་ཡོད། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། གནད་སྨིན་གྱི་འགན་ལེན་བྱེད་ཐབས་ལ་བརྟེན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྔར་བས་སེམས་ཁུར་བྱེད་པ། ཁེ་ལས་ཀྱི་ལས་བཟོའི་ཕན་བདེའི་ཐོབ་ཆ་ལེགས་སུ་དང་མཐོ་རུ་གཏོང་བ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བྱ་བ་དངོས་འབྲེལ་ཡག་པོ་དང་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་འབྲེལ་ཚོར་ཐུབ་པ་བྱེད་པ་དང་། མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ལྡན་པ་བྱེད་དགོས་ཞེས་གསུངས།

ཆེ་དགྲ་ལྷས། ལོ་གསར་འཆར་ཉེའི་མཚམས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས2018ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ཏེ་འདས་པའི་ལོ་གཅིག་རིང་ཐོབ་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་ཕྱིར་དྲན་གྱིས་ལོ་གསར་པའི་ལས་དོན་གྱི་གཙོ་གནད་འཆར་འགོད་གནང་ཡོད། རྒྱལ་ཡོངས་མི་དམངས་དང་འདྲ་བར་འདས་པའི་ལོ་5ཡི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགྱུར་ལྡོག་ཆེན་པོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཡང་དག་པའི་སྣེ་ཁྲིད་ལས་བྱུང་བ་ཡིན་པ་དང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གྱི་འབྲས་བུ་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་གྱི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་བཅས་ཡིན་ཞེས་གསུངས།

ཆེས་དགྲ་ལྷས་ལས་བརྩོན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན། ང་ཚོ་མི་སྒེར་དཀྱུས་མ་ཚང་་མས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། བཟོ་བོའི་སྙིང་སྟོབས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་གཏོང་བ་དང་། དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་དེང་སྐབས་རང་ལྗོངས་ཀྱི་ལས་སླ་པོར་བྱུང་བ་ཞིག་མིན་པའི་དུས་བབ་བཟང་པོ་དང་གནས་བབ་བཟང་པོ་སྲ་བརྟན་དང་གོང་འཕེལ་ཡག་པོ་བཏང་ནས་མཛེས་སྡུག་ལྡན་པའི་འཆར་བཀོད་དོན་དངོས་སུ་བསྒྱུར་དགོས། རེ་བར་ཚང་མས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་ངོས་ཀྱི་དཀའ་སྤྱད་འབད་འཐབ་བཅས་ཟུང་འབྲེལ་གྱིས་གནས་གཅེས་ལས་བརྩོན་དང་། ལེགས་སྐྱེས་འབུལ་ཕོད་པ། མུ་མཐུད་འབད་བརྩོན། སྒྱུར་བཅོས་མཐར་ཕྱིན། ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་པ་བཅས་བྱས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།