བོད་ལྗོངས་ཀྱིས《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད》ཐོག་མ་ཡོངས་བསྒྲགས་སུ་པར་སྐྲུན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཀྱི《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད་》ཐོག་མ་དངོས་སུ་པར་སྐྲུན་བྱས་ཤིང་། དེ་ནི་ད་ལྟའི་བར་དུ་བོད་ལྗོངས་ཀྱི་ཐ་སྙད་སྡུད་འགོད་བྱས་གྲངས་མང་ཤོས་དང་། ནང་དོན་ཆ་ཚང་ཤོས་ཀྱི་རྒྱ་བོད་དངུལ་རྩའི་ལས་མཁོའི་དཔེ་དེབ་ཅིག་ཡིན་ལ། དེས་བོད་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་སུ་རྒྱ་བོད་ཤན་སྦྱར་དངུལ་རྩའི་ཐ་སྙད་ཚིག་མཛོད་སྐོར་གྱི་དཔེ་དེབ་ཀྱི་སྟོང་ཆའང་ཁ་སྐོང་བྱས་པ་རེད།

ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་ཆབས་ཅིག་ཆེད་ལས་ཅན་གྱི་དངུལ་རྩའི་ལས་སྒོའི་ཐ་སྙད་གསར་པ་འཛད་མེད་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཞིང་འབྲོག་མང་ཚོགས་ཚོས་བོད་ཀྱི་སྐད་ཡིག་ཐོག་ནས་དངུལ་རྩའི་ཐོན་རྫས་ཤེས་རྟོགས་དང་དངུལ་རྩའི་ཞབས་ཞུ་ཐོབ་པའི་དགོས་མཁོ་སྐོང་ཆེད་ཀྲུང་གོའི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྐད་སྒྱུར་ཡིག་སྒྱུར་ལས་ཀ་ལོ་མང་བྱས་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད་》རྩོམ་སྒྲིག་བྱེད་རྒྱུའི་ལས་འགན་ཁུར་དུ་བླངས་པ་རེད།

《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད་》གཙོ་སྒྲིག་པ་དང་ཀྲུང་གོའི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་རྩོམ་སྒྱུར་པུའུ་ཡི་སྤྱི་གཉེར་ཕུར་བུ་དོན་གྲུབ་ཀྱིས་མཚམས་སྦྱོར་བྱས་པར་གཞིགས་ན། ཚིག་མཛོད་འདི་ནི་དུས་ཡུན་ལོ་བཞི་སྤྱད་པ་དང་། རྒྱ་བོད་ཤན་སྦྱར་དངུལ་རྩའི་ཐ་སྙད5000ལྷག་ལེགས་སྒྲིག་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཐ་སྙད་གསར་པ་བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་ཚད་ལྡན་ཅན་དང་། མང་ཚོགས་ཅན། གོ་བདེ་ཅན། ཚད་གཞི་ཅན་བཅས་ཀྱི་《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད་》དུ་གྲུབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།