བོད་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་ནང་དོན་ཇི་མ་ཇི་བཞིན་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱས་པ་རེད།

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུའི་ཏང་གི་སློབ་གྲྭ་དང་ལྗོངས་སྲིད་འཛིན་སློབ་གླིང་གིས་དགེ་རྒན་དང་ལས་བཟོ་དང་སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་གཙོ་གནད་གཏམ་བཤད་དང་ཞིབ་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་ཤིང་། ཚང་མས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ངོས་འཛིན་གང་ལེགས་བྱེད་པ་དང“དུས་རབས་གསར་པའི”ནང་དོན་དང་། ཁྱད་ཆོས། དོན་སྙིང་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཡག་པོ་ཆུད་པ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་མ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འགོ་ཚུགས་ཀྱི་གནས་ཚུལ་གཟབ་རྒྱས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ལྟ་ཉན་བྱས་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བསམ་བློ་དང་བྱ་སྤྱོད་ཚོགས་འདུ་དང་སྙན་སྒྲོན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དེ་བས་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཁྲལ་དོན་སྤྱི་ཁྱབ་ཅུས་དང་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བླང་བྱ་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྲལ་དོན་སྒྱུར་བཅོས་ལ་སྐུལ་མ་ཏན་ཏིག་གཏོང་བ་དང་ཁྲལ་དོན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གཉེར་སྐྱོང་དང་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་རོགས་རམ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན། སྐོར་གཟིགས་དག་ཐེར་ལས་དོན་ལ་སྐུལ་མ་རྒྱུན་མཐུད་ངང་བཏང་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་བྱེད་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྒྱུན་བསྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག་ཏང་གི་འཛུགས་སྐྱོང་ཁག་དམ་འཛིན་ཏན་ཏིག་དང་དམ་འཛིན་ནན་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ཚེས26ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའི(གྲོང་ཁྱེར་སྒྲིག་ཁོངས་གཞུང་ལས་ཁང)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱེད་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དོན་ཚན་ལྔ་པ་ནས་བཅུ་གསུམ་བར་གཅིག་སྡུད་བརྒྱུད་བསྒྲགས་བྱས་པ་མ་ཟད། སློབ་སྦྱོང་གི་ནང་དོན་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཇི་ལྟར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་དང་སྒྲིག་ཁོངས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཏུ་བསྒྱུར་རྒྱུར་དམིགས་ནས་མྱོང་ཚོར་ལྷུག་པོར་གླེང་བ་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དེ་ལས་བྱེད་པ་དང་། ཤེས་ལྡན་མི་སྣ། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཐད་ནས་རྩ་འཛུགས་ཀྱི་ལས་དོན་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་ཡོད་པས་རྒྱ་ཆེའི་རྩ་འཛུགས་ཀྱི་ལས་བྱེད་པས་དེ་བས་སྤྲོ་སེམས་ཀྱིས་ཁེངས་པའི་ཉམས་འགྱུར་དང་དེ་བས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་ནས་རྩ་འཛུགས་སྒྲིག་ཁོངས་ཀྱི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།