ལོ་ལྔའི་རིང་བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་ཧུར་ཐག་བསྐྲུན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས11ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྨྱན་སྦྱོར་ཚན་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་རང་ལྗོངས་ཀྱི་རིག་གནས་ཁྱབ་ཁོངས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

གསར་འགྱུར་མགྲིན་ཚབ་པ་དང་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཀྲོའུ་ཧུང་ཡང་གིས་ལོ་ལྔའི་རིང་བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་བསྐྲུན་པའི་འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ནས“སྲུང་སྐྱོབ་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་དང་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བཤད་པ་རེད།

ཀྲོའུ་ཧུང་ཡང་གིས་ལོ་ལྔའི་རིང་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མིང་གཞུང་མ་ལག་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས13མང་དུ་ཕྱིན་པ་དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས101མང་དུ་ཕྱིན་པ། གྲོང་ཁྱེར(ས་ཁུལ)དང་རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས667མང་དུ་ཕྱིན་ཡོད། མིག་སྔའི་བར་རང་ལྗོངས་སུ་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས2ཡོད་པ་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས89 རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས323 གྲོང་ཁྱེར(ས་ཁུལ)རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས289 རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས1153བཅས་ཡོད་ཅེས་བཤད།

ཀྲོའུ་ཧུང་ཡང་གིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.33བཏང་བ་དེ་དག་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྲུང་སྐྱོབ་དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་སོགས་ལ་སྤྱད་ཡོད། 2015ལོ་ནས་བཟུང་རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་གྱིས་དཀའ་བ་ཁྱད་བསད་ངང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་ཁྲི1000ནས་སྒོར་ཁྲི1200བར་མཐོ་རུ་བཏང་བ་རེད། 2016ལོར་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པའི་ལོ་རེའི་ཆ་སྙོམས་ཁ་གསབ་སྒོར5000ནས་སྒོར10000བར་མཐོ་རུ་བཏང་བ་དང་ཁ་གསབ་ཚད་གཞི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་བཤད།

ལོ་ལྔའི་རིང་བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་མྱུར་སྐྱོབ་རང་བཞིན་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། 2013ལོ་ནས་བཟུང་བོད་ལྗོངས་ཀྱིས་ལོ་ན་མཐོ་བའི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ15ཡི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱས་ཡོད། དེ་དང་དུས་མཚུངས་ལོ་ལྔའི་རིང་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཡོངས་ཁྱབ་ཞིབ་བཤེར་ལ་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་ནས“བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མུ་འབྲེལ་དཔེ་ཚོགས”དང་སྒྲ་བརྙན་ཐོན་རྫས་དཔེ་སྐྲུན་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་ཏེ་ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཡོངས་ཁྱབ་ཞིབ་བཤེར་གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཡོད་དཔྱད་གཞིར་གྱུར་ཡོད། །

གཞན་ཡང་ཀྲོའུ་ཧུང་ཡང་གིས་ལོ་ལྔའི་རིང་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ལ་བཀྲག་མདངས་འཚེར་ས་དེ་བས་མང་པོ་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིག་གནས་ཁེ་ལས་སྣ་ཚོགས་ཁྱོན་བསྡོམས4680ཡོད་པ་དང་། ལས་གཉེར་མི་སྣ་ཁྲི3.2ཡོད་པ། ལོ་ཧྲིལ་པོར་རིག་གནས་ཐོན་ལས་ལ་མ་རྩ་ནང་འདྲེན་སྒོར་དུང་ཕྱུར25.1བྱས་པ། ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར34.5ཟིན་པ། ལྗོངས་ཡོངས་ཀྱིGDPཡི3.01%བཟུང་བ། ལོ་རེའི་ཆ་སྙོམས་འཕར་ཚད15%ཡན་ཟིན་པ་བཅས་རེད། རིག་གནས་ཐོན་ལས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།