བོད་ཀྱིས་སྣོད་བཅུད་དབུལ་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབས་པ།

res01_attpic_brief.jpg

འདི་ནི་ཉིང་ཁྲིའི་ནགས་ཚལ་ཁྲོད་སྐོར་གཡེང་བྱེད་བཞིན་པའི་ནགས་སྲུང་རུ་ཁག་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་དོན་དེ་དབུལ་སྒྲོལ་བྱ་ཐབས་ཆེ་གྲས་ལྔའི་ནང་གི་གྲས་ཤིག་ལ་བརྩིས་ནས་སྣོད་བཅུད་དབུལ་སྒྲོལ་གྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་པ་དང་སྣོད་བཅུད་དབུལ་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་མི་འབོར་དབུལ་པོར་སྣོད་བཅུད་འཛུགས་སྐྱོང་དང་སླར་གསོའི་ཁྲོད་ནས་ཕན་པ་དེ་བས་མང་བ་ཐོབ་ཡོད་པ་རེད། ཟླ་བ་བདུན་པའི་ཟླ་མཇུག་བར་རང་ལྗོངས་ཀྱིས་ངལ་རྩོལ་ནུས་ཤུགས་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ(གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མི་འབོར་ཚུད་པ)དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར(དབུལ་པོའི་མཚམས་ཀྱི་མི་འབོར)ལ་སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཁྲི62མཁོ་འདོན་བྱས་པ་དང་ལོར་མི་རེར་ཆ་སྙོམས་ཚད་གཞི་སྒོར3000གཞིར་བཟུང་ལས་གནས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར18.6དོན་འཁྱོལ་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་རང་སྐྱོང་ལྗོངས་ཀྱིས《རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་ཚན་བཅུ་གསུམ་པའི”རིང་གི་སྣོད་བཅུད་ཁ་གསབ་དབུལ་སྒྲོལ་ལག་བསྟར་བྱ་ཐབས》བཏོན་པ་དང་ཀྲུང་དབྱང་གིས་བྱེད་པོའི་ནུས་པའི་ཁུལ་ལ་གཞན་སྒྱུར་གཏོང་སྤྲོད་བྱས་པ་བརྒྱུད་ད་ལྟ་ལག་བསྟར་བྱེད་བཞིན་པའི་ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ་དང་།རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ། རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ཀྱི་སྲིད་ཇུས་དང་དེ་བཞིན་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་དང་། བྱེ་འགོག་བྱེ་བཅོས། འདམ་ར་སྲུང་སྐྱོང་དང་སླར་གསོ། རི་ཞིང་ཕྱོགས་བསྡུས་བཅོས་སྒྲིག སྐྱས་སྤོས་རྩྭ་གསོ། ཆུའི་སྣོད་བཅུད་བཅོས་སྐྱོང་སོགས་སྣོད་བཅུད་འདུ་འགོད་གལ་ཆེན་དང་ཟུང་འབྲེལ་བྱས་ནས་སྣོད་བཅུད་ཁ་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་དབུལ་པོ་ནགས་སྲུང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་པ། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་པ། རྩྭ་ཐང་གི་ལྟ་སྐུལ་པ་སོགས་ལ་འགྱུར་བ་བྱས་ནས་མང་ཚོགས་དབུལ་པོའི་ཡོང་འབབ་མང་དུ་གཏོང་གང་ཐུབ་བྱས་ཡོད།

2016ལོར་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་དང་རིམ་པ་དེ་གའི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་གསར་སྣོན་དང་བརྗེ་རེས་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ལྡན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ(གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི་འབོར་ཚུད་པ)དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར(དབུལ་པོའི་མཚམས་ཀྱི་མི་འབོར)ལ་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་རང་བཞིན་གྱི་ཆེད་བསྐོས་དང་གཅིག་ལྕོགས་ལས་གནས་ཁྲི50མཁོ་འདོན་བྱས་པ་དང་ལོར་མི་རེར་ཆ་སྙོམས་ཚད་གཞི་སྒོར་3000གཞིར་བཟུང་ལས་གནས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར15དོན་འཁྱོལ་བྱས་ཡོད། དེའི་ནང་ནགས་ལས་ཁོངས་གཏོགས་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་གནས་ཁྲི25དང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ལྟ་སྐུལ་པའི་ལས་གནས་ཁྲི8.5ཆུའི་ཐོན་ཁུངས་དང་ཆུ་བེད་ལས་གྲྭའི་སྒྲིག་བཀོད་སྲུང་སྐྱོང་ལས་གནས་ཁྲི6.3གྲོང་ཚོ་རིམ་པའི་ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་པའི་ལས་གནས6427གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ལམ་ཐིག་གི་གཙང་སྦྲ་བྱེད་མཁན་དང་སྐབས་བསྟུན་ལས་གནས་ཁྲི9.6བཅས་མཁོ་འདོན་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་ནི་རང་སྐྱོང་ལྗོངས་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་ཀྱི་འགོ་འཛུགས་ས་དང་དཔེ་སྟོན་ཁུལ་ཡིན་ལ། སྣོད་བཅུད་ཁ་གསབ་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་དཔེ་མཚོན་ཞིག་ཀྱང་ཡིན། མིག་སྔའི་བར་རིགས་ཁག་གི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར1.2བསྡུ་སྒྲིལ་བྱས་པ་དང་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི3.03བྱས་པ་དང་། ལྗང་མདོག་བར་ཁྱམས་ནགས་ཚལ་དྲ་བ་སྤྱི་ལེ50བསྐྲུན་པ། ལྕགས་ར་སྤྱི་ལེ50བསྐོར་བ། གཟན་རྩྭའི་རྟེན་གཞི་མུའུ9800བསྐྲུན་པ། ཐོན་འབབ་མཐོ་བའི་ནས་མུའུ1000བཏབ་པ། སྡོང་ཕྲུག་མུའུ890བཙུགས་པ་བཅས་བྱས་པ་མ་ཟད། ད་དུང“ནགས་ཞིང་འབྲོག་གསུམ་ལ་ཕན་པའི”ལྗང་མདོག་ཐོན་ལས་མ་ལག་དང་ཕྱོགས་བསྡུས་རང་བཞིན་གྱི་སྣོད་བཅུད་འཛུགས་སྐྱོང་རྟེན་གཞི་རགས་ཙམ་ཆགས་ཡོད།

རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ལག་བསྟར་བྱས་པ་དེས་ས་ཁོངས་ནགས་ཚལ་ཁྱབ་ཚད་ཆེ་རུ་ཕྱིན་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ། བྱེ་རླུང་ལྡང་ཚད་ལོ་རེ་དང་བསྡུར་ན1/3ཉུང་དུ་ཕྱིན་པས་ཤུགས་རྐྱེན་ཐེབས་ཚད་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད། ལྗོན་ཤིང་གི་ཆུ་རྩ་དང་བྱེ་འཇགས་བྱེ་བཅོས་ཀྱི་ཕན་འབྲས་རགས་ཙམ་ཐོན་ཏེ་གསོ་རླུང་འདུས་ཚད5%འཕར་བ་དང་མཁའ་རླུང་བརླན་ཚད10%འཕར་ནས་སྣོད་བཅུད་དཔེ་སྟོན་ཁུལ་དུ་འཚོ་སྡོད་བྱ་རྒྱུར་འཚམ་པའི་མཁའ་རླུང་ཡག་པོ་ཞིག་ཆགས་ཡོད་པ་རེད། དཔེ་སྟོན་ཁུལ་འཛུགས་སྐྲུན་དང་བདག་སྐྱོང་བྱས་ནས་ལོ་ལྟར་གྱི་ཟླ་བ་གཅིག་ལྷག་ཙམ་གྱི་ཤིང་འཛུགས་བྱེད་སྒོ་སྤེལ་བ་བརྒྱུད་ཉེ་འཁོར་མང་ཚོགས་ལ་ཡོང་འབབ་སྒོར3000རག་གི་ཡོད། སྣོད་བཅུད་གླིང་དོ་དམ་བདག་སྐྱོང་བྱས་ནས་ས་གནས་དེ་གའི་དུད་ཚང་དབུལ་པོ30ཚང་མར་ཡོང་འབབ་སྒོར9600ནས15600བར་རག་གི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།