ད་ལོའི་ཞོ་སྟོན་དུས་ཆེན་རིང་གི་ངོ་མཚར་བའི་བྱེད་སྒོ་ཁག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་ལྷ་སའི་ཞོ་སྟོན་གྱི་མིང་གྲགས་གཏོད་ཆེད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་སྤྱི་ལོ2017ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་རིང་སྣེ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ཅི་རིགས་སྤེལ་རྒྱུ་ཡིན་པ་སྟེ། སྤྱི་ཟླ8ཚེས21ཉིན་གྱི་སྔ་དྲོ་སྲོལ་རྒྱུན་གྱི་གོམས་སྲོལ་བཞིན་དཔལ་ལྡན་འབྲས་སྤུངས་དང་སེ་ར་ཐེག་ཆེན་གླིང་དུ་ཁག་སོ་སོར་གོས་སྐུ་བཤམ་རྒྱུ་དང་འབྲེལ་དེ་ཉིན་གྱི་དགོང་མོ་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོའི་ཐང་དུ་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དང་མཐོ་གསར་གྱི་ཚན་རྩལ་ལག་རྩལ་བརྒྱུད་མཐུན་སྒྲིལ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་ཐང་དང་བདེ་སྐྱིད་ལྡན་པའི་ལྷ་ས་གསར་པ་ཞེས་པའི་བརྗོད་དོན་གཙོ་བོ་དེ་བལྟ་འདོད་ལ་ཉན་སྤྲོ་བའི་གླུ་གར་གྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་གཟིགས་མོ་བའི་འདྲེན་བྱེད་བུང་བའི་དགའ་ཚལ་དུ་བཤམ་རྒྱུ་དང་། སྤྱི་ཟླ8ཚེས21ནས་ཚེས27བར་ནོར་བུ་གླིང་ཁ་དང་། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྐབས་དྲུག་པའི་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་གནའ་ཉམས་ལྷག་པར་ལྡན་པའི་སྟངས་སྟབས་དང་རྟ་དབྱངས་ཀྱིས་རྒྱ་ཆེའི་གཟིགས་མོ་བ་ཚོར་ཞོ་སྟོན་གྱི་ཉམས་སྣང་ཟབ་མོ་སྦྱིན་རྒྱུ་ཡིན་པ།

སྤྱི་ཟླ8ཚེས23ནས་ཚེས25ཉིན་བར་སྐབས་བཅུ་གཅིག་པའི་གནམ་མཚོའི་རྐང་ཐང་ཚོགས་ཆེན་སྐོང་ཚོགས་ཀྱིས་སྐབས་དེ་དུས་ཨ་སྔོན་ཐང་ལ་ལྷུང་འདྲའི་བྱང་གི་གནམ་མཚོ་ཕྱུག་མོའི་ཉེ་འགྲམ་དུ་རྒྱལ་ནང་གི་རིག་གནས་ཐད་ཀྱི་གྲགས་ཅན་མི་སྣ་དང་རྐང་ཐང་འགྲུལ་བཞུད་ལ་དགའ་བ་ལུས་རྩལ་པ་དང་ཡུལ་སྐོར་ལ་དགའ་བའི་མི་སྣ80ལྷག་གདན་ཞུས་ཀྱིས་ལམ་ཐག་སྤྱི་ལེ10ཙམ་གྱི་སར་རྐང་ཐང་འགྲུལ་བཞུད་དང་འབྲེལ་ལམ་བར་དུ་གད་སྙིག་གཙང་སྒྲུག་བྱས་ནས་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་བཟང་པོ་མངོན་པར་བྱ་རྒྱུ།

སྤྱི་ཟླ7ཚེས26ནས་སྤྱི་ཟླ8ཚེས26བར་འདི་ལོ་ཞོ་སྟོན་གྱི་བྱེད་སྒོ་དང་པོའི་གྲས་ཡིན་པའི་ཀྲུང་གོའི་ལྷོ་ནུབ་ཞིང་ལྗོངས་དང་གྲོང་ཁྱེར་གྱི་པར་རིས་མཉམ་འགྲེམས་བྱེད་སྒོ་སྤེལ་ནས་བོད་ལྗོངས་སོགས་ཞིང་ལྗོངས་དང་གྲོང་ཁྱེར་དྲུག་གི་པར་རྒྱག་མཁས་ཅན་གྱི་ལག་ཟུང་གི་འདུ་བྱེད་ལས་ཐོན་པའི་སྒྱུ་རྩལ་པར་རིས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཉམས་བཟང་མངོན་པའི་ཐོག་ནས་གཟིགས་མོ་བར་སྤྲོ་སྣང་སྦྱིན་རྒྱུ་ཡིན་པ།

སྤྱི་ཟླ8ཚེས23ཉིན་གྱི་སྔ་དྲོ་ཚེས་གསུམ་ཐང་དུ་རྟ་ཐོག་མདའ་འཕེན་དང་། རྟ་ཐོག་ནས་ཁ་བཏགས་སྒྲུག་པ་སོགས་ཀྱི་རྟ་རྩལ་རྣམ་གྲངས་འདྲ་མིན་གྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བའི་ཞོ་སྟོན་གྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ།

གཞན་ཡང་དྲ་ཐོག་གི་ཞོ་སྟོན་ཞེས་པའི་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། སྨྱན་སྦྱོར་གསར་པའི་སྟེགས་བུ་བརྒྱུད་བྱ་དགའ་སྤྲོད་པའི་རྣམ་པའི་ཐོག་ནས་ཞོ་སྟོན་གྱི་འབྲེལ་ཡོད་ཤེས་བྱའི་དྲི་བ་དྲི་ལན་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྔར་ལས་ལྷག་པའི་སྒོ་ནས་ཞོ་སྟོན་གྱི་ཤུགས་རྐྱེན་དང་མིང་གྲགས་ཆེ་རུ་གཏོང་རྒྱུ་ཡིན་པ།

སྤྱི་ཟླ8ཚེས20ནས་ཚེས27ཉིན་བར་ལྷ་སའི་ཞོ་སྟོན་གྱི་གྲགས་རྟགས་ཐོན་རྫས་ཀྱི་ཚོང་འདུས་གཉེར་རྒྱུ་ཡིན་ཞིང་། དེ་ཡང་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཐང་ཆེན་དུ་ཞོ་སྟོན་རིང་གི་རླངས་འཁོར་འགྲེམ་སྟོན་དང་། ས་ཁང་ཐོན་ལས་འགྲེམས་སྟོན། ཞིམ་བཟས་འགྲེམས་སྟོན་དེ་བཞིན་ས་གཙང་ཐོན་རྫས་འགྲེམས་སྟོན་སོགས་གཉེར་ནས་ཞོ་སྟོན་གྱི་རྣམ་པ་ཁྲུག་ཏུ་གཏོང་རྒྱུ་ཡིན་པ།

སྤྱི་ཟླ8ཚེས22ནས་ཚེས28ཉིན་བར་ཞོ་སྟོན་གྱི་ཞོ་དང་། སྦེ་རག ཞིམ་ཟས། རོལ་དབྱངས་གཟའ་འཁོར་གྱི་བྱེད་སྒོ་བཅས་གཉེར་རྒྱུ་ཡིན་ཞིང་། དེ་ཡང་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཐང་ཆེན་ཐོག་ལྗོངས་ཕྱི་ནང་གི་ཕུལ་བྱུང་རོལ་ཆ་རུ་ཁག་དང་། མི་རིགས་ཀྱི་གླུ་གར་འཁྲབ་སྟོན་ཚོགས་པ། ལྷ་མོའི་རུ་ཁག་བཅས་གདན་ཞུས་ཀྱིས་འཁྲབ་སྟོན་བྱ་རྒྱུ་མ་ཟད་ད་དུང་ཨ་མའི་ཐབ་ཚང་ཞེས་པའི་ཞིམ་བཟས་འགྲན་བསྡུར་དང་། ཞོ་ལྡག་པ་དང་སྦི་རག་བཏུང་བའི་འགྲན་བསྡུར། བོད་ཆས་འགྲེམས་སྟོན་སོགས་ཞོ་སྟོན་དང་འབྲེལ་བའི་བྱེད་སྒོ་ཅི་རིགས་སྤེལ་ནས་ཞོ་སྟོན་གྱི་རིག་ནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་ཞོ་སྟོན་ཉམས་སུ་མྱོང་བའི་རྣམ་པ་སྣེ་མང་གཏོད་རྒྱུ། ཞོ་སྟོན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་རྒྱུ་བཅས་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།