ཁྱོན་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་བའི་སྲིད་ཇུས་ལག་བསྟར་དང་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་རྒྱུ།

1501123243507819.jpg

པར་འདི་ནི2019ལོར་སྔོན་དཔག་བཀོལ་སྤྱོད་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བུ་བཙའ་དང་བྱིས་པའི་སྨན་ཁང་གི་དཔེ་རིས་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་ཨང78པར་གཙོ་སྐྱོང་གནང་སྟེ་གྲོས་ཚོགས་བསྡུས་ཤིང་།  དེར་ད་ལྟ་ལག་ལེན་བསྟར་བཞིན་པའི་ལས་བྱེད་ལས་བཟོ་པས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་བུ་བཙའི་ཐོབ་ཐང་ལེགས་སྒྲིག་ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་བར་མ་ཟད། 《ལས་བཟོ་པའི་ཕྲུ་གུ་གཉིས་སྐྱེ་ཆོག་པའི་བུ་བཙའི་སྐོར་གྱི་ཐོབ་ཐང་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པའི་བརྡ་ཐོ》( བོད་འཕྲོད་སྤེལ〔 <2017> ཨང 237 པ) ( གཤམ་དུ་བསྡུས་མིང་ལ《 བརྡ་ཐོ》 ཞེས་བརྗོད་རྒྱུ)བཀྲམས་སྤེལ་བྱས།  

《 བརྡ་ཐོའི》 ནང་བསྟན་དོན། བོད་རང་སྐྱོང་ལྗོངས་ཀྱི་ཐེམ་ཐོ་ཡོད་ཕྱིན་དང་སྤྱི་ཚོགས་ཀྱི་རྩ་འཛུགས་ཁག་དང་ཁེ་ལས་བྱ་གཞག་ལས་ཁུངས། སྲིད་འཛིན་ལས་ཁུངས་ཀྱི་ལས་ཐོག་གི་ལས་བྱེད་ལས་བཟོ་པ་སོ་སོས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མཐུན་ཏེ་ཕྲུ་གུ་སྐྱེ་རིགས། བུད་མེད་ཕྱོགས་ཀྱིས་སྦྲུམ་རེར་ལོ་གཅིག་རིང་བྱིས་པ་སྐྱེ་བའི་ངལ་གསོའི་གནངས་བ་ལོངས་སུ་སྤྱོད་( དེར་ཁྲིམས་བཀོད་ཀྱི་བཙའ་གསོའི་ངལ་གསོ་པ་འདུས)རྒྱུ་དང་།  བཟའ་ཟླ་ཁྱོ་གས་ཉིན་སུམ་ཅུའི་ནད་གཡོག་གནངས་བ( ལོ་འཁོར་གུང་གསེང་ནང་ཚུད་མེད)ལོངས་སུ་སྤྱད་ཆོག་ཅིང་། ངལ་གསོའི་རིང་ཁྱོ་ཤུག་ཕྱོགས་གཉིས་པོའི་གླ་ཕོགས་ལ་འགྱུར་བ་མེད། 

སྲིད་ཇུས་འདི་དངོས་སུ་ཡིག་ཆར་བཀྲམས་པ་དང་བསྟུན་ནས། རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། བོད་ལྗོངས་འདི་ཉིད་ཧོ་ནན་དང་ཧའེ་ནན(ཉིན 190 ) ལས་བརྒལ་བའི་བྱིས་པ་སྐྱེས་སྐབས་ངལ་གསོ་བྱེད་ཡུན་ཆེས་རིང་ཤོས་ཀྱི་ཞིང་ཆེན་ཞིག་ཏུ་གྱུར།  《 བརྡ་ཐོ》 དངོས་སུ་ཁྱབ་བསྒྲགས་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གི་དོ་སྣང་ཆེན་པོ་བྱུང་ཞིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་དེ་ནི་བོད་ལྗོངས་ཀྱི་ལས་བྱེད་ལས་བཟོ་པར་ཕན་ཆེན་པོ་ཡོད་པའི་དོན་ཆེན་ཞིག་ཡིན་པ་དང་། བོད་ཀྱི་ལས་བྱེད་པ་དང་ལས་བཟོ་པའི་ལུས་ཕུང་བདེ་ཐང་ལ་དེ་བས་འགན་སྲུང་གང་ལེགས་བྱེད་རྒྱུ་དང་། བུ་བཙའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བར་འདོད། ཡང་ལ་ལས་བོད་ཀྱི་ལོ་གཅིག་གི་གླ་ཕོགས་བླངས་ནས་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་རིང་དུ་བཏང་བ་ཚད་ལས་བརྒལ་བར་འདོད་དེ་སྲིད་ཇུས་ཀྱི་མཐུན་འཕྲོད་རང་བཞིན་ལ་དོགས་གཞི་བཏོན།  གཞན་དོན་འཁྱོལ་ནུས་ལྡན་ཇི་ལྟར་བྱ་རྒྱུ་དང་། ཇི་ལྟར་བྱས་ན་བུད་མེད་དང་གུང་གསེང་གི་ཁེ་དབང་འགན་ལེན་གང་ཐུབ་ཅི་ཐུབ་བྱེད་དགོས་པ་ནི་གྲོས་བསྡུར་བྱ་ཡུལ་གཙོ་བོར་གྱུར།   

བོད་ལྗོངས་ནི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། བུད་མེད་ཀྱིས་སྔ་ཕྱི་བར་གསུམ་དུ་བུ་བཙའི་སྲིད་ཇུས་གུ་ཡངས་པོ་ལོངས་སུ་སྤྱོད་ཅིང་།  དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་རྒྱལ་ཡོངས་ཀྱི་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་བྱས་རིང་། བོད་ལྗོངས་སུ་འཆར་ལྡན་བུ་བཙའི་སྲིད་ཇུས་བཙན་ཤེད་ཀྱིས་ལག་བསྟར་བྱས་མེད།  

འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དང་མཐུན་པའི་མི་ཚོགས་ཀྱི་ཁྲོད་དུ་ལོ35 ཡན་གྱི་བུད་མེད་ཀྱིས2 / 3 ཟིན་ཡོད། ཆེད་མཁས་པ་ལ་ལས་ལོ་ན་ཆེ་བའི་སྦྲུམ་མར་མངལ་འཁོར་བ་དང་བྱིས་པ་སྐྱེ་བའི་དུས་ཡུན་ནང་བྱིས་པ་བདེ་ཐང་གི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་། ཕྲུ་གུ་སྐྱེས་རྗེས་ལུས་པོ་སླར་གསོ་བྱེད་པའི་ནུས་པའང་ཉམས་ཞན་དུ་འགྲོ་བ་ཡིན་པས་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ཇེ་རིང་དུ་བཏང་ན་མ་བུའི་བདེ་ཐང་ལ་ཕན་ཐོགས་ཡོད་ཅེས་གསུངས།

ཉེ་བའི་ལོ་ཤས་རིང་བོད་ཀྱི་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་ཤི་ཚད་ལོ་རེ་བཞིན་ཉུང་དུ་འགྲོ་བ་དང་། བུད་མེད་དང་བྱིས་པའི་བདེ་ཐང་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། དེ་ཡིན་ཡང་བོད་ཀྱི་ས་བབ་མཐོ་ཞིང་གསོ་རླུང་མི་འདང་བའི་རང་བྱུང་ཁོར་ཡུག་གི་དབང་གིས་སྔར་བཞིན་ས་གནས་དེ་གའི་ཡུལ་མི་དང་། ལྷག་པར་དུ་བོད་དུ་དུས་ཡུན་རིང་པོར་སྡོད་པའི་ནང་སའི་ལས་ཀ་བྱེད་མཁན་གྱི་ལུས་པོར་སྔར་བཞིན་ཤུགས་རྐྱེན་བཟོས་ཡོད།  འོན་ཀྱང་བོད་ལྗོངས་སུ་དུས་ཡུན་རིང་པོར་བོད་དུ་འདུག་པའི་ནང་སའི་ལས་ཀ་བྱེད་མཁན་གྱིས་ཧ་ལམ་མི་གྲངས་ཡོངས་ཀྱི་བསྡོམས་འབོར་གྱི1 / 3 ཟིན་ཞིང་། གནམ་གཤིས་དང་ཁོར་ཡུག་གིས་དུས་ཡུན་རིང་པོའི་ནང་བོད་དུ་སྡོད་པར་མ་ཟད་ནང་སར་ཕྲུ་གུ་བཙའ་བར་ལོག་པའི་སྦྲུམ་མ་ལ་མཚོན་ན་འགྲན་སློང་ཆེན་པོ་ཞིག་ཡིན་པས་ནང་ལོག་དང་བསྡུར་ནས་ངལ་གསོའི་དུས་ཡུན་གཅིག་མཚུངས་སུ་བྱེད་མི་ཉན། དེའི་རྐྱེན་གྱིས《 བརྡ་ཐོ》 འདི་བོད་རང་སྐྱོང་ཁུལ་གྱི་གནས་ཚུལ་ལ་གཞིགས་ཏེ་བཏོན་པ་ནི་དམངས་སེམས་གཞོལ་ཕྱོགས་དང་བློ་རིག་རྒོད་པའི་ཐབས་ཤེས་ཤིག་ཡིན་ཞིང་། ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ཡུན་བསྲིངས་བྱ་རྒྱུ་ནི་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པ་དང་། དེ་ནི་བོད་ལྗོངས་ཀྱི་ལས་བྱེད་ལས་བཟོ་པར་གནང་བའི་གཟིགས་སྐྱོང་དང་དོ་ཁུར་ཆེ་ཤོས་དེ་ཡིན།

སྦྲུམ་མ་དང་མངལ་གནས་ཕྲུ་གུའི་བདེ་ཐང་ལ་སྔར་ལས་འགན་སྲུང་ལེགས་པོ་དང་། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱ་བར་རོགས་འདེགས་བྱ་ཆེད།《 ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈 ཁྱོན་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་ནས་འཆར་ལྡན་བུ་བཙའི་ཞབས་ཞུ་དོ་དམ་གྱི་གཏན་འབེབས་> 》 ཀྱི་དགོངས་དོན་གཞིར་བཟུང་སྟེ། 2016 ལོའི་ཟླ་གསུམ་པར་བོད་ལྗོངས་ཀྱིས《 བོད་རང་སྐྱོང་ལྗོངས་ཀྱི་བུ་བཙའི་སྐོར་གྱི་སྲོལ་ཡིག( འཆར་ཟིན) 》 གཏན་བཟོ་ལས་དོན་གྱི་མགོ་བརྩམས་པར་མ་ཟད།  2016ལོའི་ཟླ11པའི་ཚེས28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འདྲི་གཅོད་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་། 《 སྲོལ་ཡིག》 ནང་ལམ་ལུགས་ཇུས་འགོད་ཀྱི་ཐད་ནས་བོད་ལྗོངས་ཀྱི་བུད་མེད་ལས་བཟོ་པའི་ཁེ་དབང་འགན་སྲུང་དང་། ཁྱིམ་ཚང་འཆམ་མཐུན་དང་བདེ་སྐྱིད་ཡོང་བར་ཤུགས་སྣོན་དང་། བོད་ལྗོངས་ཀྱི་མི་འབོར་དུས་ཡུན་རིང་པོར་དོ་མཉམ་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་རྒྱུ་གཙོ་གནད་དུ་བཞག་སྟེ་མི་འབོར་དང་དཔལ་འབྱོར་སྤྱི་ཚོགས་དང་།  ཐོན་ཁུངས་ཁོར་ཡུག་བཅས་སྔར་བས་མཐུན་སྦྱོར་ངང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།