བོད་ལྗོངས་ཀྱི་ཁེ་ལས་འབྲིང་གྲས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་ལོ་ལྔའི་རིང་ལྡབ13འཕར་བ་དེས་ཞིང་འབྲོག་པར་ཡོངས་ཁྱབ་ངང་ཕན་པ་ཐོབ་པ།

“ཀུང་སི་འཛུགས་པར་དངུལ་བུན་བསྒུགས་ནས་སྡོད་དགོས་མེད། ད་ཆ་དེ་སྔ་ལས་ཧ་ཅང་སྟབས་བདེ་བ་འདུག ངས་འདི་ག་ནས་དངུལ་བུན་ཐེངས་གཉིས་གཡར་བ་ཡིན”ཞེས་བསྟན་པ་ནོར་བུས་ལག་ཏུ་དཔྱད་གཞི་བླུགས་པའི་ཁུག་མ་ཞིག་ཁྱེར་ཏེ་སྔ་པོ་ནས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཆུ་ཤུར་ཉིང་ལག་དངུལ་ཁང་གི་སྒོ་འགྲམ་དུ་བསྒུགས་ནས་བསྡད་ཡོད།

“ད་ལྟ་ཁྱེད་ཀྱི་དངུལ་བུན་གཡར་བའི་ཐོན་རྫས་བདག་སྤྲོད་བྱེད་ཡུན་ཐུང་ངུ་ལས་འགོར་གྱི་མེད། འོན་ཀྱང་དཔྱད་གཞི་ཆ་ཚང་པོ་མི་འདུག ཁ་གསབ་བྱས་ཚེ་ལམ་སེང་འགྲོ་ལུགས་གཉེར་ཆོག”ཅེས་ལས་སྒོ་གཉེར་མཁན་བསམ་གྲུབ་ཀྱིས་ཁོང་མཐོང་མ་ཐག་ངོ་ཤེས་ནས་སྐད་ཆ་ཤོད་ཀྱིན་དུ་དཔྱད་གཞི་ཆ་ཚང་པོ་མེད་པ་དེ་དག་བྲིས།

ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་གཡར་བའི་དུས་ཚོད་ཐུང་བ་དང་། དངུལ་བུན་གཡར་ཚད་ཉུང་བ། དངུལ་བུན་གཡར་ཐེངས་མང་བ། དངུལ་བུན་གཡར་བའི་ཕན་ནུས་ཆེ་བ་བཅས་ཀྱི་མ་རྩ་མཉམ་བསྡུའི་དགོས་མཁོ་དང་ཁྱད་ཆོས་ལ་དམིགས་ནས་ཞིང་ལས་དངུལ་ཁང་གིས་ཞབས་ཞུ་བསྒྲུབ་ཡུལ་ལ་གཅིག་རོགས་གཅིག་གི་ཞབས་འདེགས་ཞུས་ནས་བདག་སྤྲོད་བྱེད་ཡུན་དེ་སྔའི་ཟླ་གཉིས་ནས་གསུམ་བར་དང་ཐ་ན་ལོ་ཕྱེད་ཙམ་འགོར་བ་ནས་ད་ཆ་བདག་སྤྲོད་ནས་དངུལ་བུན་ལག་འབྱོར་བར་དུས་ཡུན་རིང་ཤོས་ལའང་ཉིན་20ལས་འགོར་གྱི་མེད།

མི་རིགས་ལག་ཤེས་བཟོ་ལས་ཁེ་ལས་ཀྱི་སྦྱིན་བདག་ཝེ་ཡ་ཕིང་གིས། གྲུབ་འབྲས་མེད་ཀྱང་བཟོ་ཁང་ཡོད་པར་བརྟེན་དངུལ་བུན་སྒོར་ཁྲི500ཡིས་དཀའ་ངལ་བསལ་བྱུང་ཞེས་བརྗོད།

སྤང་རྒྱན་མེ་ཏོག་བཟོ་ཚོང་ཀུང་སིས་བོད་རུམ་དང་། ས་གདན། འགེལ་རུམ། ཁ་བཏགས། ཡུལ་སྐོར་དྲན་རྟེན་དངོས་པོ་སོགས་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་གཙོ་བོ་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང2004ལོར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་དུ་བཙུགས་ཡོད།

“སྐབས་དེ་དུས་དངུལ་ཚང་མ་བཟོ་གྲྭ་སྐྲུན་པ་དང་ས་ཆ་དང་སྒྲིག་ཆས་ཉོ་བར་བཏང་བས་འཁོར་རྒྱུག་མ་དངུལ་མེད་པར་གྱུར”ཞེས་ཏུང་ཧྲི་ཀྲང་ཝེ་ཡ་ཕིང་གིས་བརྗོད་ཅིང་། ཁོང་གིས་ལོ་གསུམ་རིང་རྨང་གཞིའི་འཛུགས་སྐྲུན་སྲ་བརྟན་དུ་བཏང་ནས་ལས་གཉེར་ལ་གྲུབ་འབྲས་ཐོབ་མེད་པའི་དབང་གིས2008ལོར་དངུལ་བུན་གཡར་བའི་འདུན་ཞུ་མང་པོ་ཕྱིར་སློག་བྱས་བྱུང་ཞེས་བརྗོད།

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་སྲིད་ཇུས་ངོ་སྤྲོད་བྱེད་པར་ཡོང་ནས་དངུལ་བུན་སྒོར་ཁྲི500བཏང་བྱུང་། ད་ཆ་ཀུང་སིས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི5000གཡར་ཡོད་པས་ལྡབ10འཕར་ཡོད། དེ་སྔ་འཁེལ་འཐག་བཟོ་པ50ཡོད་པ་ནས་ད་ལྟ300ཙམ་བར་མང་དུ་སོང་ཡོད་པ་དང་མ་རྩ་ཡང་དེ་སྔའི་སྒོར་ཁྲི4000ལྷག་ཙམ་ནས་ད་ཆའི་སྒོར་དུང་ཕྱུར1.5ཙམ་བར་མང་དུ་ཕྱིན་ཡོད་ཅེས་བརྗོད།

“དངུལ་བུན་དེ་དག་གིས་ང་ཚོའི་ཁེ་ལས་ལ་ཕན་པ་ཐོབ་པ་མ་ཟད། དེ་བས་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཐོབ་ཡོད”ཅེས་ཝེ་ཡ་ཕིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་བོད་ཀྱི་ལག་ཤེས་བཟོ་ལས་ཀྱི་རྒྱུ་ཆ་མང་པོ་ཞིག་བོད་རིགས་ས་ཁུལ་གྱི་ནོར་གྱི་རྩིད་པ་དང་ལུག་གི་བལ་ལས་གྲུབ་པ་ཞིག་ཡིན་པས་ཀུང་སིས་ལོ་ལྟར་མངའ་རིས་དང་གཞིས་རྩེ་སོགས་ཀྱི་ཞིང་འབྲོག་པའི་ས་ནས་བསྡུ་ཉོ་བྱེད་ཀྱི་ཡོད་ཅེས་བརྗོད།

ཡིད་རྟོན་དངུལ་བུན་གྱི་ལས་སྒོ་གཉེར་མཁན་བསམ་གྲུབ་ཀྱིས།  ཞིང་འབྲོག་པས་ཀུང་སི་བཙུགས་ན་དངུལ་ཁང་གིས་ཐེམ་དུད་མི་རེ་ངོ་རེར་ཞབས་ཞུ་སྒྲུབ་པར་སྐྱོད་ཀྱི་འདུག་ཅེས་བརྗོད།

བསམ་གྲུབ་ཀྱིས་ད་ཆ་ཞིང་འབྲོག་པ་དེ་བས་མང་བས་ཀུང་སི་བཙུགས་པ་དང་བསྟུན་ང་ཚོར་ཡང་དཀའ་ངལ་འཕྲད་ཀྱི་འདུག “རྩིས་གཉེར་མི་ཤེས་པའི་ཁར་རྩིས་ཐོའང་འགོད་མི་ཤེས”ཞེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་དངུལ་ཁང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཐེམ་དུད་མི་རེ་ངོ་རེར་རོགས་རམ་བྱས་ཡོད་ཅེས་བརྗོད།

དངུལ་ཁང་མི་ཉུང་བས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་སྤྱི་དབང་མིན་པའི་དཔལ་འབྱོར་ལ་དམིགས་ནས་ཞབས་ཞུ་སྒྲུབ་ཀྱི་ཡོད། “ན་ནིང་ཟླ11པར་ཁེ་ལས་གཅིག་ལ་དགོས་མཁོ་ཆེ་བའི་སྒྲིག་ཆས་ཁག་གཅིག་ཕྱི་རྒྱལ་ནས་ནང་འདྲེན་བྱེད་དགོས་ཀྱང་། ཁེ་ལས་ལ་འགྲོ་ལུགས་གཉེར་བའི་ཉམས་མྱོང་གང་ཡང་མེད་པ་ཤེས་བྱུང”ཞེས་ཀྲུང་གོ་ཡིད་རྟོན་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཁང་ལུང་གིས་བརྗོད་ཅིང་། ཁོང་གིས་ང་ཚོས་མགྱོགས་མྱུར་ཁེ་ལས་དང་འབྲེལ་གཏུག་བྱས་ནས་བརྒྱུད་རིམ་ཚང་མར་ཟུར་ཁྲིད་བྱེད་རོགས་བྱས་ཡོད། དུས་ཐུང་ཉིན་7རིང་རྒྱལ་སྤྱིའི་ཡིད་རྟོན་ལག་ཁྱེར་གཉེར་ནས་ཨ་སྒོར་ཁྲི1398དངུལ་བུན་བཏང་ནས་ཁེ་ལས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཐག་གཅོད་བྱེད་རོགས་བྱས་ཡོད་ཅེས་བརྗོད།

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ཀྱི་གསོ་བ་རིག་པ་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་ཟོག་ལས་སྣོན་སོགས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱས་ནས“བཟོ་ཚོང་ལས་རིགས་ཀྱི་དངུལ་བུན”སོགས་ཐོན་ཟོག་བཏོན་ཡོད། ཐུན་མོང་གི་དགོས་མཁོ་ཡོད་པའི་ཞབས་ཞུ་བསྒྲུབ་ཡུལ་ལ་འབོར་གྲངས་ཀྱི་རིམ་པ་དཔྱད་བསྡུར་དང་རིགས་དབྱེའི་ཡིད་རྟོན་དངུལ་བུན་བཏང་ཡོད། བཅར་འདྲི་བྱེད་རིང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་སྦྱིན་བདག་མི་ཉུང་བ་ཞིག་གིས“དངུལ་བུན”བསྒུགས་ནས་སྡོད་མི་དགོས་པར་དངུལ་བུན་འདུན་ཞུ་རག་ཚད་མང་དུ་ཤུགས་ཆེན་ཕྱིན་ཡོད་ཅེས་བརྗོད།

2017ལོའི་ཟླ་གསུམ་པའི་ཟླ་མཇུག་ཏུ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར32.84ཟིན་པ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས711ཡོད་པར་དངུལ་བུན་འདུན་ཞུ་རག་ཚད81.07%ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།