ཝུའུ་དབྱིང་ཅེས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུའི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། པེ་ཅིན་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་ཀན་ཅེ་དང་བཞུགས་མོལ་གནང་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཇུས་ཆེན་མཉམ་དུ་གྲོས་བསྡུར་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུའི་ཏང་ཙུའི་ཁོངས་མི་ཀྲོའུ་དབྱིང་བཅས་ཞུགས་ཡོད་པ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་དང་། ལྷག་པར་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་བཏོན་གནང་བ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་གནང་བ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་སྔར་མེད་ཀྱི་མཐོ་ཚད་གསར་པའི་ཐོག་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་སྟོབས་ཆེན་སྣོན་པ་བཅས་བྱས་ཡོད་ཅེས་གསུངས།

ཝུའུ་དབྱིང་ཅེས་བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། “མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་བྱེད་པ་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན་པའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་ཡག་པོ་བྱས་པ་ཞིག་དང་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། རང་བྱུང་ལ་བརྩི་འཇོག་དང་། སྲུང་སྐྱོང་། དེ་དང་མཐུན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྔོན་ལ་སྲུང་སྐྱོང་བྱེད་པ་དང་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས། ཁོང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་རྒྱུ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བོད་དུ་ལས་དོན་སྤེལ་བར་གཞོགས་འདེགས་དམ་ཟབ་དང་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལི་ཀན་ཅེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་དོན་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུས“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ལས་དོན་ཁག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།