མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན།

—— ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་ བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ མཚམས་ཚིགས་གཉིས་པའི་སྒྲིལ་གླེང་གསུམ་པ།    

བོད་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”སྒྲོག་འགྲེལ་གྱི་ལག་ལེན་བྱེད་སྒོ་སྤེལ་རིང་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མཐོང་ཆེན་པོ་བྱེད་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྒྲོག་འགྲེལ་གྱི་ནང་དོན་གསར་པ་དང་། ལག་ལེན་གསོན་ཉམས་དོད་པ། ཕན་འབྲས་དངོས་ཐོན་པ་བཅས་མཐའ་འཁྱོངས་བྱས་ཏེ་ལས་དོན་ཁག་ལ་སྐུལ་མ་ཏན་ཏིག་བཏང་བའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས་སྤྱི་ཚོགས་ཡོངས་སུ“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི”ངོས་འཛིན་གཏིང་ཟབ་ཆགས་པ་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད།

སྒྲོག་འགྲེལ་གྱི་རྣམ་པ་གསར་གཏོད་བྱས་པ།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་སྒྲོག་འགྲེལ་པས་ལུས་ཚུགས་པ་དང་སེམས་གནས་པ་བྱས་ནས་ཐག་རིང་ལུང་ཁུག་གི་གྲོང་ཚོ་དང་རྩྭ་ཐང་དང་འབྲོག་རར་བསྐྱོད་དེ་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། གྲོགས་པོ་སྒྲིག་པ། ཆ་སྒྲིག་བྱེད་པ་བཅས་ཀྱི་བྱ་ཐབས་བརྒྱུད་དེ་སྒྲོག་འགྲེལ་སློབ་གསོ་སྤེལ་ནས་ལུང་འདྲེན་ཁུངས་སྐྱེལ་དང་གཟུགས་བརྙན་གསོན་ཉམས་དོད་པའི་སྒོ་ནས་ཏང་གི་གསུང་སྒྲ་གངས་ལྗོངས་ས་མཐོའི་གང་སར་ཁྱབ་རྒྱུ་སྒྲོག་འགྲེལ་གྱིས་མི་སེར་གྱི་སེམས་སུ་གཏིང་ཟབ་ཟུག་པ་བྱས་ཡོད།

ལྷ་ས་གྲོང་ཁྱེར་ཆོས་ལུགས་ཁྱབ་ཁོངས་ཀྱིས་རྭ་མོ་ཆེ་གཙུག་ལག་ཁང་དང་ཨ་ནེའི་མཚམས་ཁུང་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཕན་ཚུན་ལྟ་བ་དང་ཕན་ཚུན་དཔེར་འཛིན་པའི་བྱེད་སྒོ་སྤེལ་ཞིང་།  ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཨ་ནུའུ་ཚེ་རིང་གིས་སྤེལ་རེས་དང་སློབ་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། ཕན་ཚུན་ལྟ་བ་དང་ཕན་ཚུན་དཔེར་འཛིན་པ། བསམ་ཕྱོགས་རྒྱ་སྐྱེད་གཏོང་བ། རྙིང་འབུད་གསར་འདོན་བཅས་བྱས་ཚེ་གཞི་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྔར་བས་ཏན་ཏིག་དང་སྔར་བས་ཕན་འབྲས་ལྡན་པ་ཞིག་སྤེལ་ཐུབ། གོམ་སྟབས་རྗེས་མར་དགོན་སྡེའི་གྲྭ་བཙུན་གྱི་ཁྱད་ཆོས་དང་ཆོས་ལུགས་ལས་དོན་གྱི་དོན་དངོས་ལ་དམིགས་ཏེ་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་འགན་ནུས་ཆེན་པོ་གསུམ་གཅིག་གྱུར་ནུས་ལྡན་ཡོང་བ་བྱས་ནས་སྒྲོག་འགྲེལ་གྱི་བྱ་ཐབས་ལེགས་སུ་གཏོང་བ་དང་སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུའི་ཐད་གཙོ་གནད་ཤུགས་སྣོན་རྒྱག་པ་དང་སྒྲོག་འགྲེལ་མི་སེམས་ལ་གཏིང་ཟབ་ཟུག་པ་བྱས་ནས་ཕན་འབྲས་དངོས་ཐོན་རྒྱུའི་ཐད་འབད་བརྩོན་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོར་དད་པ་བརྟན་པོ་དང་། ཚུལ་ཁྲིམས་རྣམ་དག ཐོས་བསམ་ལ་གཞོལ་བ། སྤྱོད་བཟང་རང་གཅུན་བཅས་ཀྱི་དཔེ་བཟང་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གྲྭ་བཙུན་བཟང་པོ་ཞིག་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་གསུངས།

གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གིས་མང་ཚོགས་དང་ཉེ་བཅར་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྒྲོག་འགྲེལ་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། གྲོ་མོ་རྫོང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་གྲོང་སྡོད་ལས་དོན་རུ་ཁག་གི་སྒྲོག་འགྲེལ་པ་ཞིང་ནང་དང་། འབྲོག་ར། དགོན་སྡེའི་གྲྭ་ཤག་བཅས་སུ་བསྐྱོད་དེ་ཡུལ་དངོས་སུ་སྒྲོག་འགྲེལ་དང་། རླུང་འཕྲིན་ཐོག་ནས་སྒྲོག་འགྲེལ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་སོགས་མང་ཚོགས་ཞུགས་བདེ་བ་དང་ཞུགས་འདོད་པའི་བྱ་ཐབས་ལ་བརྟེན་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་མ་ཟད། མང་ཚོགས་ཚོར“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་ཡང་བྱས་ཡོད། གྲོ་མོ་སྟོད་ཤང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བོད་རྒྱ་སྐད་ཡིག་གཉིས་ཀྱི་དྲིལ་བསྒྲགས་པར་རིས430བཟོས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དུད་ཚང424དང་དགོན་སྡེའི་གྲྭ་ཤག་ལ་སྤྲད་ཡོད།

ལག་ལེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་ལས་དོན་དང་ཟུང་འབྲེལ་བྱས་ནས་གཞི་རྟེན་ནུས་ལྡན་ཇུས་འགོད་དང་ལག་ལེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཡོད། རིག་རྩལ་འཁྲབ་སྟོན་དང་། “མི་སྣ་ཡག་ཤོས”དཔྱད་འདེམས། ཤེས་བྱའི་གབ་ཚིག གཏམ་བཤད་འགྲན་བསྡུར། ཤེས་བྱའི་འགྲན་བསྡུར། དཔེ་ཀློག་དུས་ཆེན་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྔ་རྗེས་སུ་སྤེལ་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཕྱིར་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དང་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་བྱེད་སྒོ་ཕྱོགས་ཡོངས་ལ་ཁྱབ་རྒྱུའི་འགན་ལེན་བྱས་ཁར་རིམ་པ་མི་འདྲ་བའི་མང་ཚོགས་ཁྲོད་བྱེད་སྒོ་དེར་རྒྱ་ཁྱབ་ངང་དོ་ཁུར་བྱ་རྒྱུའི་འགན་ལེན་ཡང་ཐུབ་པ་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དགོང་ལྟར་སྒྲོག་འགྲེལ་ཐེངས་རེ་བྱེད་པའི་ནང་དོན་དེ“རླབས་ཆེན་གྱི་མེས་རྒྱལ། བོད་འདི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ”དང་འབྲེལ་བ་ཡོད་པས་སྤྱི་ཡོངས་ནས་རླབས་ཆེན་མེས་རྒྱལ་ལ་རྒྱས་བཤད་བྱེད་པ་དང་འབྲེལ་ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་བོད་འདི་མེས་རྒྱལ་ནས་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ར་སྤྲོད་བྱེད་པ་མ་ཟད། དོན་དངོས་ཀྱི་དཔང་སྟོན་དང་མི་སེམས་འགུལ་བའི་སྐད་ཆའི་ཐོག་ནས་ཞིང་འབྲོག་མང་ཚོགས་ཚོར་རང་ལྗོངས་ཀྱི་གནས་ཚུལ་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཡོད།

མངའ་རིས་ས་ཁུལ་རྩྭ་མདའ་རྫོང་རི་པ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་དུས་ཚོད་སྟོང་པ་ཡོད་པ་དང་བསྟུན་ནས་མང་ཚོགས་དང་གྲྭ་བཙུན་ཁྲོད་དུ་ཡོང་སྟེ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བསྟན་འཛིན་ཆོས་འཕེལ་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་འདི་ཉིད་ལས་འགན་གཙོ་བོར་བརྩིས་ཏེ་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཏང་གི་སྲོག་ཤིང་ལ་མི་རིགས་ཁག་གི་མང་ཚོགས་ཚོས་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཆགས་པ་བྱས་པས་རྒྱ་ཆེའི་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ་དུས་ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་བཏང་བ།

རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བས་མི་རིགས་ཁག་གི་མང་ཚོགས་ཚོའི་མིག་སྔར་བས་གསལ་བར་གྱུར་པ་དང་སེམས་སྔར་བས་དྲོ་སོབ་སོབ་དུ་གྱུར་ཏེ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འོག་དར་རྒྱས་སྟོབས་འབྱོར་ལྡན་པའི་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་གྲོང་ཚོས“གསར་གཏོད་ཆུང་གྲས་ཀྱི་བྱེད་སྒོ་ཁག་བཅུ”དམ་འཛིན་བྱ་གཞིར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་མང་ཚོགས་ཀྱིས་ངོས་འཛིན་བྱེད་ཚད་སྔར་བས་ཆེ་རུ་གཏོང་བ་དང་མང་ཚོགས་དེའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བ་དང་། ཀོང་པོ་རྒྱ་མདའ་རྫོང་སྒམ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲོག་འགྲེལ་གྱི་ནང་དོན་དེ་གོ་བདེ་རྟོགས་སླ་བའི་ཅི་འཕྲོས་མོལ་འཕྲོས་སུ་འགྱུར་བ་བྱས་ཏེ“ནེའུ་གསིང་རླུང་འཕྲིན”བརྒྱུད་ཞིང་ནང་དུ་དྲིལ་བསྒྲགས་བྱས་པས་སྒྲོག་འགྲེལ་གྱི་ནུས་ཕྱོད་ཆེ་རུ་སོང་ཡོད་ལ་སྒྲོག་འགྲེལ་གྱི་ཕན་འབྲས་ཀྱང་ཆེ་རུ་ཕྱིན་པ། རྫ་ཡུལ་རྫོང་རྩྭ་ཐང་རི་ཁྲོད་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ལས་དོན་སྤེལ་ནས་གྲྭ་བཙུན་ཚོར་བོད་ཡིག་དཔར་གཞིའི་སྒྲོག་འགྲེལ་དཔྱད་གཞི་སྤྲད་ཡོད། གྲྭ་བཙུན་ཚོས་རང་རྟོགས་ངང་སློབ་སྦྱོང་གི་མྱོང་ཚོར་བྲིས་པ་དང་སྒྲོག་འགྲེལ་བརྒྱུད་གྲྭ་བཙུན་ཚོའི་རྒྱལ་གཅེས་ཁྲིམས་སྲུང་དང་། སྒྲིག་བརྩི་ཁྲིམས་སྲུང་། ཐོས་རྒྱ་ཟབ་གཏོང་། སྤྱི་ཚོགས་ལ་ཞབས་ཞུ། མང་ཚོགས་ལ་ཞབས་ཞུ་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།

ནག་ཆུ་ས་ཁུལ་ནག་ཆུ་རྫོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ལྷག་པར་དུ་དུས་མཚམས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱེད་པའི་སྒྲོག་འགྲེལ་གཏིང་ཟབ་བྱས་ཤིང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཀྱི་ཡོད། བོད་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དབར་ཤ་རུས་གཅིག་ཏུ་འདྲེས་ནས་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོར་རང་རྟོགས་ངང་མི་སྒེར་གྱི་བྱ་སྤྱོད་དེ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ནང་ཞུགས་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་རྒྱལ་གཅེས་རིང་ལུགས་འདི་ཉིད་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་གྱུར་པ་དང་ནག་ཆུ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།