སྤེན་པ་བཀྲ་ཤིས་ཀྱིས་ཉིང་ཁྲི་གྲོང་ཁྱེར་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་གི་ཤང་དང་། གྲོང་རྡལ། གྲོང་ཚོ། གྲོང་ལྷན། སློབ་གྲྭའི་སློབ་ཁང་། དགོན་སྡེའི་གྲ་ཤག་བཅས་སུ་ཕེབས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་དགོས་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་དགོས་པ”ཞེས་པའི་སློབ་གསོའི་རྩ་བའི་གནད་དོན་དེར་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། གཞོན་ནུ་ལོ་ཆུང་སློབ་མ་འགག་རྩའི་ཚོགས་སྤྱི་དང་སློབ་གསོ་གཏོང་ཡུལ་གཙོ་བོར་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་ཇི་མ་ཇི་བཞིན་དུ་སློབ་དགོས། སློབ་མར་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། མིག་སྔའི་གཞོན་ནུ་ལོ་ཆུང་གི་བསམ་བློའི་ལས་དོན་དངོས་ལ་དམིགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་བྱ་ཐབས་སྔར་བས་ཞིབ་ཕྲ་བཟོ་བ་དང་། ལག་བསྟར་བྱེད་པོ་དང་འགན་འཁྲིའི་བྱེད་པོ་སྔར་བས་གསལ་པོ་བཟོ་བ། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་གསུམ་ཟུང་འབྲེལ་བྱེད་པའི་སློབ་གསོའི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱེད་པ། གཞོན་ནུ་ལོ་ཆུང་གི་དོན་དངོས་དང་མཐུན་པའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་བཅས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སློབ་གྲྭ་དང་། སློབ་ཁང་། བསླབ་གཞི། ཀླད་པ་བཅས་སུ་དངོས་འབྲེལ་འཇུག་ཐུབ་པ་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དམིགས་ཚད་ལ་དམིགས་ཏེ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུ་སྔར་བས་ཤུགས་ཆེར་གཏོང་བ་དང་ཆབས་ཅིག རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མར་ཆུང་བྱིས་པའི་དུས་ནས་ཏང་གི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་འཛུགས་པ་དང་། ཆུང་བྱིས་པའི་དུས་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་འཛུགས་པ་དང་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ། ཆུང་བྱིས་པའི་དུས་ནས་ཚན་རིག་དང་མཐུན་ལ་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དང་བསམ་བློ་གཏོང་སྟངས་འཛུགས་པ། སྲོལ་ངན་གོམས་རྙིང་བཀག་འགོག་དང་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་བྱ་གཞག་གི་ཤུལ་འཛིན་པ་ཚད་ལོན་ཞིག་བྱ་རྒྱུའི་སློབ་གསོ་གཏོང་དགོས་ལ་ཁྲིད་སྟོན་ཡང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།