ཆེ་དགྲ་ལྷས་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་བ།ཀྲོང་ཡན་ཚོགས་འདུར་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6ཚེས28ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་དགོས་པ་དང་། ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་སྐུལ་སློང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་ཀྱི་གཟེངས་བསྟོད་ཚོགས་ཆེན་གྱི་ལས་དོན་བཀོད་སྒྲིག་བྱས་པ་དག་དོན་འཁྱོལ་ནན་ཏན་བྱེད་དགོས། ཧྲུའུ་ཅི་ཝུའུ་དབྱིང་ཅེའི“ཕྱོགས་དགུའི་ཐད་འབད་བརྩོན་བྱེད་དགོས་པའི”སྐོར་གྱི་མཛུབ་སྟོན་བླང་བྱ་ལྟར་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ། འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ནས་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་ཚོགས་འདུར་ཞུགས་པ་རེད།

ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་གནད་དོན་ལ་དམིགས་ཏེ་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཞི་རྩའི་བརྡར་གཅོད་དང་། སྤྱིའི་བསམ་ཕྱོགས། བྱེད་ཐབས་གལ་ཆེན་བཅས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ལུགས་བསྟན་ནས་ང་ཚོར་ཁ་ཕྱོགས་གསལ་སྟོན་དང་། བྱ་ཐབས་གསལ་སྟོན། གཞི་འཛིན་ས་མཁོ་འདོན་བཅས་གནང་ཡོད། རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་སྐུལ་སློང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེས“ཕྱོགས་དགུའི་ཐད་འབད་བརྩོན་བྱེད་དགོས”ཞེས་བཏོན་གནང་ནས་ལྗོངས་ཡོངས་ཀྱི་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དང་། བསམ་ཕྱོགས་བྱ་ཐབས། འགན་ལེན་བྱ་ཐབས་བཅས་གསལ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ནན་གསུམ་དྲང་གསུམ”གྱི་ཚད་གཞི་མཐོ་པོའི་བླང་བྱ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་། དམིགས་ཚད་གཅིག་གྱུར་བྱེད་པ། ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་བྱས་ཏེ་རྫོང་ཤིན་ཏུ་དབུལ་པོ་དང་མང་ཚོགས་ཤིན་ཏུ་དབུལ་པོ་དག་ལྗོངས་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆེད་དམིགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་རང་ལྗོངས་ཀྱི་ས་ཁུལ་ཤིན་ཏུ་དབུལ་པོར་བརྒྱུད་རིམ་ལྡན་པ་དང་ཕྱོགས་ཡོངས་ནས་བསྐྱར་བཤེར་ཐེངས་གཅིག་བྱས་ནས་ས་ཁོངས་ཤིན་ཏུ་དབུལ་པོ་དང་མང་ཚོགས་ཤིན་ཏུ་དབུལ་པོའི་གདིང་གཞི་མཐིལ་རྟོགས་ཏན་ཏིག་བྱེད་པ་དང་། གྲོང་ཚོ་དང་། དུད་ཚང་། གྲོང་མི་བཅས་རེ་རེ་བཞིན་ཤིན་ཏུ་དབུལ་པོར་འགྱུར་རྐྱེན་དབྱེ་ཞིབ་བྱེད་པ། ས་ཁུལ་ཤིན་ཏུ་དབུལ་པོའི་མང་ཚོགས་ཀྱི“ཇི་ལྟར་བྱེད་དགོས་པའི”གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཞིབ་ཕྲའི་རེའུ་མིག་བཟོ་བ། ཆེད་དམིགས་ཡིག་ཚགས་བཟོ་བ། ཆ་འཕྲིན་མཛོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གནད་སྨིན་ཇུས་འདོན་བྱ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས། དམིགས་ཚད་གཏན་འཁེལ་གྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་དགོས་ཤིང་། གཏོང་ཆ་གཏོང་ཤུགས་ཐད“འཕར་སྣོན་གསུམ”ཡོང་བ་བྱེད་པ་དང་། ལས་ཀའི་འགན་འཁྲིའི་ཐད“འགན་ལེན་གསུམ”འབུར་དུ་ཐོན་པ་བྱེད་པ། གཟིགས་སྐྱོང་བྱ་ཐབས་ཐད་ཧེ་བག་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་པ་བཅས་བྱས་ཏེ་མ་དངུལ་དང་རྣམ་གྲངས་དེ་བས་མང་བ་ཤིན་ཏུ་དབུལ་བའི་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་ཕྱོགས་ནས་ས་ཁུལ་ཤིན་ཏུ་དབུལ་པོའི་སྤྱི་པའི་ཞབས་ཞུ་དང་། རྨང་གཞིའི་སྒྲིག་བཀོད། དེ་བཞིན་གཞི་རྩའི་སྨན་བཅོས་འགན་ལེན་ནུས་ལྡན་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་ཡུལ་སྤོས་སོགས་ཤུགས་རྒྱག་སར་བྱེད་པ་དང་། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ས་མཐོའི་གྲུམ་བུའི་ནད་སོགས་ཚད་བརྒལ་སར་བྱེད་པ། དཀའ་སྤྱད་དངོས་སྒྲུབ་བྱེད་པ་བཅས་ཀྱི་ཐོག་ནས་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས། རང་ངོས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ་བཅས་ལ་གཞི་ཚུགས་ཏེ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྒྲིག་འཛུགས་ཀྱི་རྣམ་པ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་པོ་རང་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཐུབ་པ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དྲིལ་བསྒྲགས་དང་། སློབ་གསོ། ཁྲིད་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་དབུལ་པོ་རྣམས་ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་གང་ཐུབ་ཅི་ཐུབ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།