རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པ་མཇུག་འགྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན། དུས་ཡུན་ཉིན་དགུ་ཡི་ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པ་གྲུབ་འབྲས་ཐོབ་པའི་ངང་མཇུག་འགྲིལ་བ་རེད། ལག་རྩལ་བྱང་ཆུབ་པའི་བོད་ལྗོངས་ཀྱི་བདམས་ཐོན་པར་ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་མི་རབས་གསར་པའི་རྒྱུན་འཛིན་པའི་རྩལ་འགྲན་དང་བརྩམས་ཆོས་འགྲེམས་སྟོན་གྱི“མི་རབས་གསར་པའི་བཟོ་བོ་གྲགས་ཅན”དང་། “མི་རབས་གསར་པའི་རྒྱུན་འཛིན་པ་གྲགས་ཅན” “ཕུལ་བྱུང་མི་སྣ་གསར་པའི་བྱ་དགའ”བཅས་བྱ་དགའ་ཆེན་པོ་གསུམ་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་བཀྲག་མདངས་ཆེ་ཤོས་ནི་ཀྲུང་གོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་མི་རབས་གསར་པའི་རྒྱུན་འཛིན་པའི་ལག་རྩལ་འགྲན་བསྡུར་ཐེངས་དང་པོ་གཉེར་བ་དེ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནང་བོད་ཀྱིས་མི་རབས་གསར་པའི་རྒྱུན་འཛིན་པ་བཞི་བཏང་ཞིང་། འགྲན་ཞུགས་རྣམ་གྲངས་ཀྱི་གྲས་སུ་ལྷོ་ཁའི་གོང་དཀར་ལྕེ་བདེ་ཞོལ་གྱི་པང་གདན་འཐག་རྩལ་དང་། གཞིས་རྩེའི་རྒྱལ་རྩེའི་ཁ་གདན་འཐག་རྩལ། གཞིས་རྩེའི་བཀྲ་ཤིས་སྐྱིད་ཚལ་གྱི་གསེར་དངུལ་ཟངས་གསུམ་རྡུང་རྩལ་བཅས་ཡོད་པ་རེད། འགྲན་བསྡུར་བྱ་ཡུལ་དུ་མི་རབས་གསར་པའི་རྒྱུན་འཛིན་པ་4ཡིས་རང་རང་སོ་སོའི་རྩལ་ནུས་གང་ཡོད་བཏོན་ནས་ལྟད་མོ་བ་དང་། དཔྱད་འདེམས་པ། ལས་རིགས་གཅིག་པའི་རྒྱུན་འཛིན་པ་བཅས་ལ་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་དོན་སྙིང་ཤེས་སུ་བཅུག་པ་དང་ཉམས་སུ་མྱོང་དུ་བཅུག་ཡོད། ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། ལྷོ་ཁའི་གོང་དཀར་ལྕེ་བདེ་ཞོལ་གྱི་པང་གདན་འཐག་རྩལ་གྱི་རྒྱུན་འཛིན་པ་བསྟན་འཛིན་སྒྲོལ་དཀར་ལ“མི་རབས་གསར་པའི་རྒྱུན་འཛིན་པ་གྲགས་ཅན”གྱི་བྱ་དགའ་ཐོབ་པ་དང་། གཞིས་རྩེའི་རྒྱལ་རྩེའི་ཁ་གདན་འཐག་རྩལ་གྱི་རྒྱུན་འཛིན་པ་སྤེན་པ་དོན་གྲུབ་ལ“མི་རབས་གསར་པའི་བཟོ་བོ་གྲགས་ཅན”གྱི་བྱ་དགའ་ཐོབ་པ། གཞིས་རྩེའི་བཀྲ་ཤིས་སྐྱིད་ཚལ་གྱི་གསེར་དངུལ་ཟངས་གསུམ་རྡུང་རྩལ་གྱི་རྒྱུན་འཛིན་པ་ཉི་རྡོར་དང་ནོར་བུ་ཚེ་རིང་ལ“ཕུལ་བྱུང་མི་སྣ་གསར་པའི་བྱ་དགའ”ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།