བོད་ལྗོངས་ཀྱིས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ད་ལོའི་ཟླ6ཚེས1ཉིན་དངོས་སུ་ལག་བསྟར་བྱས་པ་རེད། ཉིན་ཤས་གོང་བོད་ལྗོངས་ཀྱིས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་སྙན་ཞུའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དྲ་རྒྱ་བདེ་འཇགས་མཐུན་སྦྱོར་ཅུས་ཀྱི་ཅུས་ཀྲང་དང་། 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》གྱི་འཆར་ཟིན་འགོད་མཁན་གཙོ་བོ་ཡིན་པའི་ཀྲའོ་ཙེ་ལེང་གིས་ཆེད་དོན་སྙན་ཞུ་བྱས་པ་རེད། ཚོགས་འདུ་དེར་ཚོགས་ར་གཙོ་བོ་དང་གྲོང་ཁྱེར་དང་ས་ཁུལ་བདུན་དང་རྫོང་74རུ་ཡན་ལག་ཚོགས་ར་བཙུགས་པ་དང་། ལྗོངས་ཐད་གཏོགས་ཀྱི་དྲ་རྒྱའི་བདེ་འཇགས་སྡེ་ཚན་ཁག་དང་། ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་ཚན་པ་གཙོ་བོ་དང་དྲ་ཚུགས། འབྲིང་རིམ་ཆེད་ཚན་སློབ་གླིང་ཁག འབྲེལ་ཡོད་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་དང་དེ་བཞིན་དྲ་རྒྱའི་བདེ་འཇགས་ཁེ་ལས་བཅས་ཀྱི་འགན་འཁུར་བ1900ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

ད་ཐེངས་ཀྱི་ཆེད་དོན་སྙན་ཞུའི་དམིགས་ཡུལ་ནི། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་བཅས་ཀྱི་སྡེ་ཚན་ཁག་གི་འབྲེལ་ཡོད་ལས་དོན་མི་སྣ་དང་། དྲ་ཚུགས། དྲ་རྒྱའི་ཞབས་ཞུའི་ལས་སྟེགས། དྲ་རྒྱའི་བདེ་འཇགས་ཁེ་ལས་བཅས་ཀྱིས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་ནང་དོན་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བྱས་ཏེ་དྲ་རྒྱའི་བདེ་འཇགས་ཞབས་ཞུའི་འགན་ལེན་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་དྲ་རྒྱའི་བདེ་འཇགས་འགན་ལེན་ནུས་ལྡན་བྱ་རྒྱུ་དེ་ཡིན།

སྙན་ཞུའི་ཚོགས་འདུའི་ཐོག འདི་ལོ་ཚུན་གྱི་གོ་ལ་ཧྲིལ་པོའི་དྲ་རྒྱའི་བདེ་འཇགས་ཀྱི་དཔེ་མཚོན་རང་བཞིན་གྱི་དོན་རྐྱེན་གཞིར་བཟུང་། དྲ་རྒྱའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྒྱས་བཤད་བྱས་པ་དང《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》འདོན་པའི་རྒྱབ་ལྗོངས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་ནང་དོན་ལེའུ་རེ་རེ་བཞིན་གསལ་འགྲེལ་བྱས་པ་དང《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ལག་ལེན་བསྟར་བའི་ཐད་ཞིབ་ཕྲའི་མཛུབ་ཁྲིད་བསམ་འཆར་བཏོན་པས་སློབ་ཁྲིད་ནང་དོན་མི་སེམས་སུ་ཟུག་པ་དང་བློ་གསལ་དོན་རྟོགས་ལྡན་པ་ཞིག་བྱུང་ཡོད། ཚོགས་ཞུགས་མི་སྣས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ནི་རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་ཀྱི་རིགས་པའི་གཞུང་ལུགས་ལ་འཚོལ་ཞིབ་དང་ལག་ལེན་ཉམས་མྱོང་ལ་ཚན་རིག་ཐོག་ནས་ཕྱོགས་སྡོམ་བརྒྱབ་པ་ཞིག་ཡིན་ལ། ཁྲིམས་ལྟར་དྲ་བ་བཅོས་སྐྱོང་དང་ཁྲིམས་ལྟར་དྲ་བར་དོ་དམ་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཀྱང་ཡིན། ཆེད་དོན་སྙན་ཞུའི་ཚོགས་འདུ་དུས་ཐོག་ཏུ་འཚོགས་པས་ཆེད་ལས་རང་བཞིན་ཆེ་བ་དང་། དངོས་འཐབ་རང་བཞིན་ཆེ་བ། དམིགས་སའི་རང་བཞིན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་འདུག གོམ་སྟབས་རྗེས་མར་དོན་འཁྱོལ་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་དྲ་རྒྱའི་བར་མཐོངས་ཀྱི་བདག་དབང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ཐུན་མོང་ཐོག་བསྲུང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཀྲའོ་ཙེ་ལེང་གིས་བོད་དུ་སྡོད་རིང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དུ་བསྐྱོད་དེ་ལས་ཀར་རྟོག་ཞིབ་དང་མཛུབ་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།