བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གྱི་སྔ་དྲོར་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས“རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང”བརྗོད་དོན་གཙོ་བོར་བྱས་ནས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སློབ་གླིང་ཡོངས་ཀྱི་གྲྭ་བཙུན་སློབ་གཉེར་བར་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་སྐོར་འཆད་འགྲེལ་གནང་བ་རེད།

འཆད་ཁྲིད་ནང་ལོ་རྒྱུས་འཕེལ་རྒྱས་དང་དུས་རབས་ཀྱི་སྡུར་བ་རྒྱས་གླེང་བྱས་ནས་གྲྭ་བཙུན་སློབ་གཉེར་བས་ལོ་རྒྱུས་ལ་རྒྱུས་མངའ་དང་ངོས་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱས་ཏེ། གྲྭ་བཙུན་སློབ་གཉེར་བའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་གཅེས་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་བཏང་ཐོག སློབ་གཉེར་བ་ཚོས་དེ་རིང་གི་ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་འཚོ་བར་གཅེས་འཛིན་དང་ཐོས་བསམ་བྱེད་པའི་ཁྲོད་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། ཞི་མཐུན་ལ་གོང་བཀུར་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་མུ་མཐུད་གཏོང་དགོས་པའི་བསླབ་བྱ་གནང་བ་རེད།

འཆད་ཁྲིད་ཐོག་ནན་བཤད་གནང་དོན། རྒྱ་ཆེའི་གྲྭ་བཙུན་སློབ་གཉེར་བ་ཚོས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་ཏང་གི་ཐུགས་འཁུར་དྲན་པའི་བསམ་བློས་རང་རྟོགས་ངང་ཁྲིམས་སྲོལ་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་བ་དང་། རང་རྟོགས་ངང་ཁ་ཕྲལ་པའི་བསིམ་འཛུལ་བཏོར་བཤིག་ལ་བཀག་འགོག་བྱེད་པ། རང་རྟོགས་ངང་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ལ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་གསལ་འགྲེལ་རྒྱག་པ་བཅས་བྱེད་དགོས། ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་གཅེས་འཛིན་གྱིས་སྒེར་གྱི་ཡོན་ཚད་མཐོ་རུ་གཏོང་བར་སྣང་འཇོག་བྱས་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཧུར་ཐག་ཞུགས་པ་དང་སློབ་གླིང་གི“འཐབ་ས་ལྔ་འཛུགས་པ་དང་ལྔ་ལྡན་གྱི་གྲྭ་བཙུན་གསོ་སྐྱོང”བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས། གྲུབ་འབྲས་ཕུལ་བྱུང་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།