ལྷོ་ཁའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མིའི་ཚན་པ་དང་པོའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས་སྒོ་བྱང་འགེལ་བའི་མཛད་སྒོ་འཕྱོངས་རྒྱས་རྫོང་དུ་གཉེར་ཞིང་། འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་ཉིད་ལྷོ་ཁ་གྲོང་ཁྱེར་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མིའི་ཚན་པ་དང་པོ་དེར་གྱུར་བ་རེད།

བྱེད་སྒོའི་ཐོག་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། དེ་རྗེས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པས་སྨན་ཁང་དེའི་ནད་པའི་ནད་བབ་དང་སྨན་བཅོས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་འཕྱོངས་རྒྱས་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣར་སློབ་ཁྲིད་རྣམ་པའི་ནད་ཁང་སྐོར་བཤེར་བྱས་པ་དང་འབྲེལ། དགོས་མཁོ་གཞིར་བཟུང་སྨན་ཁང་གི་འགོ་ནད་དོ་དམ་ཞིབ་དཔྱད་གསལ་འགྲེལ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཆད་འཁྲིད་ཀྱང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བ་ནི་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་དང་། “སྨན་གསུམ”མཉམ་འགུལ་སྒྱུར་བཅོས་གཏིང་ཟབ། ལུགས་མཐུན་ངང་ཐོན་ཁུངས་བཀོད་སྒྲིག གཞི་རིམ་མང་ཚོགས་ཀྱིས་སྟབས་བདེ་སྤུས་ལེགས་ཀྱི་ཞབས་ཞུ་ལོངས་སྤྱོད་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་།  གཞུང་བཙུགས་སྨན་ཁང་སྒྱུར་བཅོས་བྱེད་པའི་གསར་གཏོད་ཀྱི་ནང་དོན་གལ་ཆེན་ཞིག་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།