ལྗོངས་ཡོངས་སུ་གྲོང་ཚོའི་སྦྲག་སྲིད་ས་ཚིགས་བཙུགས་ནས་དྲ་ཐོག་ཚོང་དོན་གྲོང་ཚོར་གཉེར་བར་རམ་འདེགས་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས75པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་ཚོའི་སྦྲག་སྲིད་ས་ཚིགས་འཛུགས་པའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཡང་ནས་ཡང་དུ་བྱས་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ། བྱས་རྗེས་འཇོག་པ་བཅས་བྱས་ནས་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་གཞིར་བཟུང་གྲོང་ཚོའི་སྦྲག་སྲིད་ས་ཚིགས་འཛུགས་རྒྱུར་གོ་རིམ་ལྡན་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་དགོས་པ་དང་། གསར་གཏོད་ཕོད་པ་དང་། ཟུང་འབྲེལ་བྱེད་མཁས་པ། བསམ་ཕྱོགས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་གཉེར་བ་དང་ཞིང་འབྲོག་ཁུལ་གྱི་གྲོང་ཁྲི་ཤང་སྟོང་གི་དཔེ་སྟོན་ཚོང་ཁང་སོགས་དང་ཟུང་འབྲེལ་བྱ་རྒྱུ་མ་ཟད། དངུལ་བཅོལ་དང་དངུལ་བུན་གཏོང་བ་སོགས་ཀྱི་ཚབ་སྒྲུབ་ཞབས་ཞུ་སྣ་ཚོགས་སྤེལ་ནས་གྲོང་ཚོའི་སྦྲག་སྲིད་ས་ཚིགས་ཉིད་དམངས་ཕན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་གྱུར་བར་བྱས་ཏེ་གྲོང་ཚོའི་སྦྲག་སྲིད་ས་ཚིགས་དངོས་འབྲེལ་སྐྲུན་ཐུབ་པ་དང་འཁོར་རྒྱུག་བྱེད་ཐུབ་པ་དགོས་པ། འཛུགས་སྐྲུན་ཇུས་གཞི་འཐུས་ཚང་དུ་བཏང་ནས་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་བརྟག་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཡག་པོ་བྱས་ཏེ་ལེ་ལག་ཚང་བའི་ཇུས་གཞི་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དུས་མཚུངས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་སྤེལ་རེས་བྱེད་པ་དང་ཕྱོགས་ཁག་དང་མཉམ་འགུལ་བྱས་ནས་ཐུན་མོང་ཐོག་གྲོང་ཚོའི་སྦྲག་སྲིད་ས་ཚིགས་འཛུགས་པའི་རྣམ་པ་བཟང་པོར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།