བོད་ལྗོངས་ཀྱིས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས3ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་འཚོགས་ཏེ་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ལྗོངས་མི་དམངས་ཞིབ་དཔྱོད་ཁང་། འབྲེལ་ཡོད་ཚན་པ་བཅས་ཀྱི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་གནས་ཚུལ་ལ་སྐུལ་འདེད་གཏོང་བའི་སྙན་སེང་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། སྲིད་གཞུང་གི་བློ་འདྲི་བ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་རིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚན་པ་ཁག་གི་སྙན་སེང་གསན་རྗེས་ཧོ་ཝུན་ཧའོ་ཡིས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་མ་འཚོག་གོང་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་སྤྱིར་ན་ལེགས་གྲུབ་ཡོང་བ་བྱ་རྒྱུ་ནི་ཀྲུང་དབྱང་གིས་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། ཁྲིམས་འཛིན་སྒྱུར་བཅོས་ཀྱི་ཁོངས་ཞུགས་ཚན་པ་ཁག་གིས་སྒྱུར་བཅོས་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགོ་ཁྲིད་གཙོ་བོས་འགན་འཁུར་བ་དང་རང་ཉིད་དངོས་སུ་ཞུགས་ནས་དམ་འཛིན་མཐའ་འཁྱོལ་བྱེད་དགོས་པ་དང་། “ཤེས་མ་ཐག་སྒྲུབ་པ་དང་ལམ་སེང་སྒྲུབ་པའི”སྤྱོད་ཚུལ་དར་སྤེལ་བཏང་ནས་དངོས་སྒྲུབ་ཀྱི་རྣམ་འགྱུར་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ལྗོངས་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་སྒྱུར་བཅོས་ཀྱི་དཀའ་གནད་སེལ་བ་དང་སྒྱུར་བཅོས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། “ཁང་གཉིས”སྒྱུར་བཅོས་ཀྱི་བྱེད་པོར་བརྩིས་ནས་དོན་འཁྱོལ་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་རང་རྟོགས་ངང་མཐུན་སྦྱོར་འབྲེལ་མཐུད་ཡོང་བ་བྱེད་དགོས། སྣེ་ཁྲིད་ཚན་པས་གཙོ་འགན་གྱི་འགན་འཁྲི་ཡག་པོ་འཁུར་ནས་སྣེ་ཁྲིད་པའི་ལས་འགན་ཧུར་ཐག་སྒྲུབ་དགོས། གཞོགས་འདེགས་ཚན་པས“མིག་མངས་འགྲིག་སྐོར་གཅིག”གི་ལས་ཀའི་བསམ་ཕྱོགས་བརྟན་པོ་ཆགས་པར་བྱས་ནས་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐུན་སྦྱོར་ལས་སྒྲུབ་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།