བོད་ལྗོངས་ཀྱིས་ཕུལ་བྱུང་ཚན་རྩལ་ལས་དོན་པ་ལ་གཟེངས་བསྟོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས30ཉིན། བོད་རང་སྐྱོང་ལྗོངས་ཀྱིས་སྐབས་གཉིས་པའི་ཕུལ་བྱུང་ཚན་རྩལ་ལས་དོན་པར་གཟེངས་བསྟོད་བྱེད་སྒོ་སྤེལ་ཞིང་། གཟེངས་བསྟོད་ཐོབ་མཁན་གྱི་ཚན་རྩལ་ལས་དོན་པ་མང་པོ་ཞིག་ནི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་ནས་ཡིན་ལ། བོད་ཡིག་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་ཆེད་མཁས་པ་ནི་ཐེངས་དང་པོར་ཕུལ་བྱུང་ཚན་རྩལ་ལས་དོན་པར་གཟེངས་བསྟོད་ཀྱི་བྱེད་སྒོ་རུ་བདམས་ཐོན་བྱུང་བ་རེད།

བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པར་གཟེངས་བསྟོད་ཀྱི་བྱེད་སྒོ་འདི་ནི2014ལོ་ནས་བཟུང་སྤེལ་འགོ་ཚུགས་ལ། ལོ་གསུམ་རེ་ནང་དཔྱད་འདེམས་ཐེངས་རེ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་གཟེངས་བསྟོད་ཐོབ་མཁན་མི20ཡི་ཁྲོད་དུ། མི3ནི་གནམ་གཤིས་རིག་པའི་ཆེད་མཁས་པ་དང་། མི6ནི་གསོ་རིག་ལས་དོན་གྱི་འཐབ་ཕྱོགས་དང་པོ་ནས་ཡིན་པ། མི7ནི་ཞིང་འབྲོག་ཚན་རྩལ་ཞིབ་འཇུག་གནང་མཁན་ཡིན་པ། དེ་མིན་གྱི་མི4ནི་ས་གཤིས་རྩད་ཞིབ་དང་། ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ་རྩད་ཞིབ་ཇུས་འགོད། བོད་ཡིག་ཆ་འཕྲིན་ཅན་བཅས་ཀྱི་ཁྱབ་ཁོངས་ནས་ཡིན་པ་རེད།

གཟེངས་བསྟོད་ཐོབ་མཁན་གྱི་དགེ་རྒན་ཆེ་མོ་སྐལ་བཟང་རྡོ་རྗེ་ལགས་ནི་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཆ་འཕྲིན་ཅན་ཚོགས་པའི་འགན་འཁུར་བ་ཞིག་ཡིན་ལ། ཉེ་བའི་ལོ་འགའི་རིང་། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་བོད་སྐད་ཀྱི་སྐད་གདངས་ཤན་འབྱེད་དང་། བོད་ཡིག་བྲིས་གཟུགས་དང་པར་སྐྲུན་ཡིག་གཟུགས་ཤན་འབྱེད་ལག་རྩལ་གྱི་འགག་གནད་བསྒྲོལ་ནས་ལས་སྟེགས་ལས་བརྒལ་བའི་བོད་ཡིག་འཇུག་ཐབས་དང་། office གཞུང་ལས་སྒྲུབ་བྱེད་ལྷུ་ལག་ཆ་ཚང་བོད་ཡིག་པར་གཞི། དེ་བཞིན་བོད་ཡིག་བཀོལ་སྤྱོད་མ་ལག་བཅས་ཞིབ་འཇུག་གསར་གཏོད་བྱས་པ་རེད། མིག་སྔར། བོད་ཡིག་གཞུང་སྒྲུབ་མ་ལག་བོད་ལྗོངས་ཀྱི་རྫོང་སྲིད་གཞུང་སྡེ་ཁག74ལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་རེད།

གཟེངས་བསྟོད་ཐོབ་མཁན་གྱི་ཆེད་ལས་མཁས་པའི་ཁྲོད་དུ། ལ་ལས་མཐོ་སྒང་གི་འཚོ་བའི་གད་སྙིགས་དབྱེ་སེལ་དང་སྦགས་བཙོག་ཚོད་འཛིན་གྱི་དཀའ་གནད་སྒྲོལ་བར་འབད་པ་དང་། ལ་ལས་མཐོ་སྒང་གྲོང་ཁྱེར་གྱི་ཐོག་རྒྱག་པའི་ཉེན་ཁ་དཔྱད་དཔོག་མ་ལག་གསར་གཏོད་བྱས་པ། ལ་ལས་ཞིང་འབྲོག་ལས་ཀྱི་ལག་རྩལ་ལེགས་བཅོས་བྱས་ཏེ་མང་ཚོགས་ལ་ཐོན་འཕར་ཡོང་འཕར་ཡོང་རོགས་བྱས་པ་བཅས་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།