མངའ་རིས་ས་ཁུལ་གྱིས་གྲོང་ཚོར་བཅའ་སྡོད་ལས་འགན་ཁག་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྤྱིའི་བླང་བྱ་དང་།  ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་གཅིག་གྱུར་བཀོད་སྒྲིག་དང་དམ་པོར་བསྟུན་ནས་ཏང་གི་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ།  བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱེད་པ།  དུས་ཆེན་སྐབས་ཀྱི་འཚམ་འདྲིའི་བྱེད་སྒོ་ཧུར་ཐག་སྤེལ་བ་བཅས་བྱས་ཐོག་དབུལ་སྐྱོར་གནད་འཕིགས་ལས་ཀར་སྐུལ་སྤེལ་ཏན་ཏིག་བཏང་ནས།  གྲོང་ཚོར་བཅའ་སྡོད་ལས་འགན་ཁག་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།  

མངའ་རིས་ས་ཁུལ་གྱིས་འདོད་མོས་ལ་བརྩི་བཀུར་དང་ཚད་གཞི་རྒྱུན་འཁྱོངས།  ཕུལ་བྱུང་འདེམས་པ་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་ས་ཁུལ་དང་རྫོང༌།  ཤང་བཅས་རིམ་པ་གསུམ་ནས་ཕུལ་བྱུང་ལས་བྱེད་པ564 གྲོང་ཚོར་བཅའ་སྡོད་བྱེད་པར་བཏང་བ་རེད།  ཁག་དྲུག་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དྲིན་ཚོར་སློབ་གསོའི་ཚོགས་ཆེན་དང་།  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཚོགས་འདུ་ཐེངས1300ལྷག་ཙམ་ཚོགས་པར་མང་ཚོགས་མི་ཐེངས16600ཞུགས་པ་རེད།  
        མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་། དུད་ཚང་ནང་སྐྱོད་པ་དང་གཉེན་སྦྲེལ་གྲོགས་སྒྲིག་བྱེད་པའི་བྱེད་སྒོའི་ཞིབ་ཕྲའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་པ།  ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་གཤམ་སྤེལ་ལྔའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཞིང་འབྲོག་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད།  ད་བར་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དུས་ཆེན་ཆེ་མོ་གསུམ་རིང་དབུལ་ཕོངས་ཐེམ་དུད་དང་འགན་ལེན་ལྔའི་ཐེམ་དུད།  ཏང་ཡོན་རྒན་གྲས་དང་ངལ་རྩོལ་དཔེ་བཟང་རྒན་གྲས།  ལས་བྱེད་པ་རྒན་གྲས་བཅས་མི་ཐེངས4260འཚམ་འདྲི་བྱས་ནས་རིན་ཐང་སྒོར་ཁྲི119རི་བའི་འཚམ་འདྲིའི་དངོས་པོ་སྤྲད་ཡོད།  
        མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེ་རྒྱག་པ་དང་།  ཏང་ཡོན་གྱི་སྐོར་སྐྱོད་རུ་ཁག་སོགས་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་འཛུགས་སྐྱོང་བྱེད་རོགས་བྱས་ནས།  ཞིང་འབྲོག་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཏན་ཏིག་སྒྲུབ་ཡོད།  ད་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་ལུགས་ཁག170བཟོ་རོགས་དང་འཐུས་སྒོ་ཚང་དུ་བཏང་རོགས་བྱས་པ་དང་།  བརྟན་ལྷིང་སྲུང་སྐྱོང་གི་སྒྲོག་འགྲེལ་ཚོགས་ཆེན་ཐེངས346ཚོགས་པ།  འགལ་ཟླ་དང་རྩོད་གཞི་འདྲ་མིན200ཐག་གཅོད་དང་སེལ་རོགས་བཅས་བྱས་ཡོད།  
         མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྐྱོར་གནད་འཕིགས་ལས་ཀར་སྐུལ་སྤེལ་ཏན་ཏིག་བཏང་ནས་བཅའ་སྡོད་གྲོང་ཚོར་གོང་འཕེལ་གཏོང་ཐབས་འཚོལ་རོགས་ཧུར་ཐག་བྱས་ཡོད།  ད་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀང་ངལ་གནད་དོན575ཐག་གཅོད་བྱེད་རོགས་དང་གོང་འཕེལ་གྱི་བསམ་ཕྱོགས190བཟོ་རོགས།  གོང་འཕེལ་གྱི་གཏོང་ཐབས150འཚོལ་རོགས་བཅས་བྱས་ཡོད།  དཔལ་འབྱོར་གོང་འཕེལ་གྱི་འཆར་གཞི168བཟོ་རོགས་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ་མ་ཟད།  ཞིང་འབྲོག་པ་མང་ཚོགས་མི་ཐེངས243ལ་དངོས་སྤྱོད་ལག་རྩལ་དང་ལས་གཏོད་ལས་ཞུགས་ཀྱི་རྩལ་ནུས་སྦྱོང་བརྡར་སྤྲད་པ་དང་མི་ཐེངས713ངལ་ནུས་ཕྱིར་གཏོང་བྱེད་བཅུག་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།