ནག་ཆུས་གོང་འཕེལ་དམ་འཛིན་དང་དམངས་འཚོར་ཕན་པ་བསྐྲུན་ནས་ལོ་ལྔ་ཚན་བཅུ་གསུམ་པའི་འགོ་ཡག་པོ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར།  ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དམིགས་ཚད་དང་དམ་པོར་བསྟུན་ནས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་བ་བྱེད་པ་དང་ཆབས་ཅིག  བློ་བརྟན་འགྱུར་མེད་ཀྱིས་གོང་འཕེལ་དམ་འཛིན་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོར་ཕན་པ་བསྐྲུན་ནས་ལོ་ལྔ་ཚན་བཅུ་གསུམ་པའི་འགོ་ཡག་པོ་བཙུགས་ཡོད། 

ནག་ཆུ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར106ལྷག་ཙམ་ཟིན་པ་དང༌དཔྱ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར8.5ཟིན་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་ཁག་སོ་སོར་སྒོར28000ལྷག་དང8000ལྷག་ཟིན་པ།  དེ་བཞིན་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར169.6བཏང་བ་དེ་དུས་མཚུངས་པ་དང་བསྡུར་ན35%འཕར་བ།  ཞིང་འབྲོག་ཁུལ་གྱི་ཆུ་དང་གློག  ལམ།  འཕྲིན་གཏོང༌།  མིའི་འཚོ་སྡོད་ཁོར་ཡུག་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།  ནག་ཆུ་གྲོང་རྡལ་གྱི་ལས་གཞི་གསུམ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ནས་ཁོར་རྒྱུགས་བྱེད་འགོ་ཚུགས་ཟིན་པ།  ཉི་མ་རྫོང་དུ་གཅིག་བསྡུས་དྲོད་མཁོ་འདོན་ཐུབ་པ།  མཚོ་གཉིས་རྫོང་དང་དཔལ་དགོན་རྫོང་སོགས་རྫོང་གསུམ་གྱི་རྫོང་གྲོང་ལ་གཅིག་བསྡུས་ཐོག་དྲོད་མཁོ་འདོན་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ།  ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་གང་མགྱོགས་བྱེད་པ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་བཅོས་སྒྲིག་ཏན་ཏིག་བྱེད་པ་བཅས་རེད། 
      དེ་དང་ཆབས་ཅིག  ནག་ཆུ་ས་ཁུལ་གྱིས་འབྲོག་ལས་ཕྱོགས་འགྱུར་རིམ་སྤོར་ལ་སྐུལ་སྤེལ་ཤུགས་ཆེ་བཏང་བས་ས་ཁུལ་དེ་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར21ལྷག་ཙམ་ཟིན་པ་དང༌།  ཞིང་འབྲོག་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས833ཟིན་པ།  རང་བྱུང་འཐུང་ཆུའི་ཐོན་ཁུངས་དཔྱད་དཔོགས་ལས་དོན་ཐེངས་གཉིས་པ་ལེགས་གྲུབ་ཟིན་པ།  ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ108ལྷག་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1.5ཟིན་པ་དེ་དག་སྤྱི་ལོ2015ལོ་དང་བསྡུར་ན་ཁག་སོ་སོར6.76%དང50%འཕར་ཡོད། 
     ན་ནིང་ནག་ཆུའི་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཁག་དང་པོ་ལེགས་གྲུབ་ཟིན་ནས་དུད་ཚང6168དང་མི23700དབུལ་གྲོལ་བྱུང་ཞིང་དབུལ་གྲོལ་ཐུབ་མཁན་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར3383 ཟིན་པ་དང30%འཕར་བ་དང༌།  ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གསུམ་པ་དང་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་བཞིའི་རྣམ་གྲངས་འཛུགས་སྐྲུན་ལས་འགོ་ཚུགས་ཤིང༌།  སོག་རྫོང་དང་དཔལ་དགོན་རྫོང་གཉིས་ཀྱི་འོས་འགན་སློབ་གསོ་གོང་འཕེལ་དོ་སྙོམས་བྱུང་ནས་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐུབ་པ་དང་སློབ་ཆེན་དུ་སློབ་ཕྲུག་ཡིག་རྒྱུགས་འཕྲོད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།  སྨན་བཅོས་དང་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང༌།  ས་ཁུལ་མི་དམངས་སྨན་ཁང་ཀ་པ་རིམ་པ་གསུམ་དུ་གཏོད་པའི་ལས་དོན་ཏན་ཏིག་སྤེལ་བ་དང༌།  ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་བཅོས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་གཞི་བདེ་ཐང་ལ་རྒྱུན་མཐུད་རིན་མེད་བརྟག་དཔྱད་བྱེད་པ།  ནག་ཆུའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་སྡེ་གླིང་གི་སྤྱིའི་འཆར་འགོད་དང་ལག་བསྟར་ཇུས་གཞི་བཟོ་བའི་ལས་དོན་ལེགས་སྒྲུབ་ཟིན་པ་དང་།  སྲིད་འཛིན་གྲོང་ཚོ་རེར་ཚན་རྩལ་ཆེད་མངགས་པ་གཉིས་རེ་ཡོད་པ་བྱེད་པའི་དམིགས་ཚད་བསྒྲུབ་པ་བཅས་བྱུང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།