བོད་རང་སྐྱོང་ལྗོངས་ཀྱིས2017ལོའི་དམག་བསྡུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས11ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཀྱི2017ལོའི་དམག་བསྡུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་རྡོ་རྗེ་ཚེ་གྲུབ་ཚོགས་འདུར་ཕེབས་ཡོད་པ་རེད། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་རང་སྐྱོང་ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཐུབ་བསྟན་འཕྲིན་ལས་ཀྱིས་2016ལོའི་དམག་བསྡུའི་ལས་དོན་ཕྱོགས་སྡོམ་དཔྱད་བསྡུར་དང2017ལོའི་དམག་བསྡུའི་ལས་དོན་བཀོད་སྒྲིག་བྱས་པ་རེད། བོད་དམག་ཁུལ་ཁང་གི་ཚན་མོའུ་ཀྲང་གཞོན་པ་རང་སྐྱོང་ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ངག་དབང་རྡོ་རྗེས《2017ལོའི་དམག་བསྡུའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང《ཞིང་ཆེན་དམག་ཁུལ་ཁང་གི་ཁོངས་གཏོགས་ལེགས་སྒྲིག་དང་སྒྱུར་བཅོས་བྱེད་རིང་གི་དམག་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་བྱས་པ་རེད། བོད་དམག་ཁུལ་ཁང་གི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་ངག་དབང་ཚོགས་འདུར་ཞུགས་ཡོད་པ་རེད།

ཏིང་ཡེ་ཤན་གྱིས་དམག་བསྡུའི་ལས་དོན་ནི་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ཆེར་འགྱུར་བ་བྱེད་པའི་རྨང་གཞིའི་འདུ་འགོད་ཅིག་དང་།འབྱུང་རྩའི་འདུ་འགོད་ཅིག རང་བརྟེན་གྱི་འདུ་འགོད་ཅིག་བཅས་ཡིན་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱིས་སྤྲད་པའི་རིམ་ཁག་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན་པས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་འབྲེལ་བ་ཡོད་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དང་ཡང་འབྲེལ་བ་ཡོད། 2016ལོར་རང་ལྗོངས་ཀྱི་དམག་བསྡུའི་ལས་དོན་གྱིས་རང་སྐྱོང་ལྗོངས་དང་དམག་ཁུལ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས་སྤྲད་པའི་དམག་གསར1100བསྡུ་བའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པས་དམག་མིའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་སློབ་ཆེན་སློབ་མ་དམག་མིར་བསྡུ་ཚད12.1%བར་འཕར་ཡོད་ཅེས་གསུངས།

ཏིང་ཡེ་ཤན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་གིས་སྒྱུར་བཅོས་དང་དམག་དཔུང་སྟོབས་ཆེར་འགྱུར་བར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་དམག་བསྡུའི་ལས་དོན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་དང་དམག་བསྡུའི་ལས་དོན་ནི་རིམ་ཁག་སྲིད་གཞུང་གི་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་དང་། དམག་དཔུང་སྟོབས་ཆེར་འགྱུར་བར་བྱེད་པའི་རྨང་གཞིའི་འདུ་འགོད་ཅིག བོད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་ཐབས་ནུས་ལྡན་ཞིག་བཅས་ཡིན་པའི་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་དམག་བསྡུའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ཏུ་བརྩིས་ཏེ་དམ་འཛིན་ལྷོད་མེད་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱས་ནས་དམག་དཔུང་དང་ས་གནས་གཞོགས་འདེགས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་དམག་བསྡུའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། དམག་དཔུང་དང་ས་གནས་ཀྱི་མཉམ་ལས་ལེགས་ཆ་གང་ལེགས་སྤྱོད་པ་དང་དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་ཁག་བགོས་འགན་འཁྲི་འཁུར་དགོས་ལ་མཉམ་ལས་དམ་ཟབ་ཀྱང་བྱས་ནས་དུས་ཐོག་ཏུ་དམག་བསྡུའི་ལས་དོན་ཁག་ལ་སྐུལ་མ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཏིང་ཡེ་ཤན་གྱིས་ངེས་པར་དུ་གསར་གཏོད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་སྤྱད་དེ་འཇུར་མིག་གི་གནད་དོན་ཐག་གཅོད་ཡག་པོ་དང་འགག་རྩའི་དཀའ་གནད་བསལ་ནས་དམག་བསྡུའི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། རྒྱལ་སྲུང་སློབ་གསོ་ཟམ་མི་ཆད་པར་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས་པ་དང་གཟིགས་སྐྱོང་དང་བཀོད་སྒྲིག་སྲིད་ཇུས་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་སྟེ་དུས་བབ་འཕེལ་རྒྱས་དང་ཟུང་འབྲེལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་སྦྲེལ་མཐུད་བྱེད་པ་དང་བོད་ཀྱི་དོན་དངོས་དང་འཚམ་པའི་གཟིགས་སྐྱོང་བཀོད་སྒྲིག་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་པ་དང་ཆབས་ཅིག་བཏོན་ཟིན་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། དམག་བསྡུའི་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བསམ་བློ་ཀུན་སྤྱོད་ལེགས་པ་དང་། ལས་སྒོའི་བྱང་ཚད་ལེགས་པ། སྤྱོད་གཙང་རང་འདོམས་ལེགས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། དམག་བསྡུའི་ལས་དོན་གྱི་མི་སྣ་བདམས་ནས་དཔུང་ཁག་ཉམས་སད་ཐེག་ཐུབ་པའི་འགན་ལེན་བྱས་ཏེ་བསམ་བློའི་བྱང་ཚད་ལེགས་པ་དང་རང་འཁྲིའི་ལས་སྒོ་བྱང་ཆུབ་པའི་བློ་མཐུན་དམག་བསྡུའི་ལས་དོན་ལ་ཞུགས་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།