བོད་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་མཐོ་རིམ་གླེང་སྟེགས་ལ་ཞུགས་རྒྱུའི་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས20ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས། བོད་ལྗོངས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ལ་ཞུགས་རྒྱུའི་གྲ་སྒྲིག་ལས་དོན་གྱི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་རོགས་ལོ་མེས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ད་ཐེངས་ཀྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ལ་ཞུགས་རྒྱུ་ནི་གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་གཏིང་ཟབ་ཞུགས་པ་དང་། ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་ཆེན་མོ་གཏོད་པ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར། བོད་ལྗོངས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལས་དོན་ལ་ཞུགས་པའི་འཕེལ་རིམ་བདེ་བླག་ཡིན་མོད། འོན་ཀྱང་སྤྱིའི་ལས་ཀའི་ཕན་འབྲས་ཐད་སྤུན་ཟླའི་ཞིང་ལྗོངས་གཞན་དག་དང་བསྡུར་ན་ཧེ་བག་ངེས་ཅན་ཡོད་ཅེས་གསུངས།

ཚོགས་འདུའི་ཐོག་བསམ་བློ་གཅིག་གྱུར་དང་བསམ་ཕྱོགས་གསལ་པོ་བཟོས་ནས། བོད་ལྗོངས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་རང་སྒུལ་ངང་ཞུགས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། བོད་ལྗོངས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཞུགས་པའི་མཐོ་ཚད་ནས་བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་གཏིང་ཟབ་ཞུགས་པ་བརྒྱུད། ནེ་པ་ལ་སོགས་མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་དགོས། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བོད་རང་སྐྱོང་ལྗོངས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ལས་ཀའི་ཆེད་ལས་ཚན་ཁག་འཛུགས་པ་དང་། དོན་དངོས་ལ་གཞི་བཙུགས་ནས་གལ་ཆེའི་བྱ་ཐབས་དང་གལ་ཆེའི་མཉམ་ལས་རྣམ་གྲངས་འདོན་རྩིས་བྱེད་པའི་དུས་འགོའི་ལས་དོན་ཏན་ཏིག་སྤེལ་བ། རང་སྒུལ་ངང་བྱ་སྤྱོད་སྤེལ་ནས་གལ་ཆེའི་བྱ་ཐབས་དང་གལ་ཆེའི་མཉམ་ལས་རྣམ་གྲངས་འདོན་རྩིས་བྱེད་པའི་རྩེ་རིམ་སྦྲེལ་མཐུད་དང་ནེ་པ་ལ་ཕྱོགས་དང་ངོ་འཕྲད་གྲོས་མོལ་གང་ལེགས་བཅས་བྱས་ནས། བོད་ལྗོངས་མཐོ་རིམ་གླེང་སྟེགས་ལ་ཞུགས་རྒྱུའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།