བོད་ལྗོངས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ན་ནིང་བོད་ལྗོངས་ཀྱིས་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། དབུལ་ཕོངས་ས་ཁུལ་གྱི་འཕྲོད་བསྟེན་མི་སྣའི་ཕྱོགས་བསྡུས་གསོ་སྐྱོང་བྱ་བའི་ནུས་ཤུགས་ཇེ་ཆེར་བཏང་སྟེ། ལྗོངས་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་ཤུགས་དང་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས།

རྒྱུས་ལོན་ལྟར་ན། 2016ལོར་ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར1.4བཏང་སྟེ། ནག་ཆུ་ས་ཁུལ་གྱི་དཔལ་མགོན་རྫོང་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་བསྒྱུར་བཀོད་བྱས་པ་དང་རྫོང་རིམ་པའི་བོད་སྨན་ཁང10གསར་སྐྲུན་བྱས། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་ཁྲི4070བཏང་སྟེ། ཤང་གྲོང་གི་འཕྲོད་བསྟེན་ཁང32བསྒྱུར་བཀོད་འཛུགས་སྐྲུན་བྱས། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་ཁྲི3880བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་ནད་ཡམས་སྔོན་འགོག་ལྟེ་གནས་དང་ཆུ་ཤུར་རྫོང་སོགས་རྫོང7གྱི་རྫོང་རིམ་པའི་ནད་ཡམས་སྔོན་འགོག་ལྟེ་གནས་བསྒྱུར་བཀོད་བྱས། དེ་དང་ཆབས་ཅིག གཞི་རིམ་གྱི་འཕྲོད་བསྟེན་ཆ་འཕྲིན་མ་ལག་བདེ་འཇགས་སོགས་ཀྱི་བང་རིམ་ཚད་འཇལ་དང་ཐོ་འགོད་བྱ་བ་ལེགས་འགྲུབ་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་མ་ལག་གི་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་ཤང་གྲོང235ཡི་འཕྲོད་བསྟེན་ཁང་གི་ཆ་འཕྲིན་མ་ལག་བཀོད་སྒྲིག་བྱ་བ་ལེགས་འགྲུབ་བྱས་ཏེ་བེད་སྤྱོད་བྱེད་འགོ་བརྩམས་པ་ལས་ཕན་ནུས་ལྡན་པའི་སྒོ་ནས་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་།

དེ་དང་ཆབས་ཅིག 2016ལོར་ལྗོངས་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་ཤུགས་ལ་མཐོར་འདེགས་བྱུང་ཡོད་དེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)རིམ་པའི་སྨན་ཁང7གིས“1+7”ཅན་གྱི་སྨན་བཅོས་འཇོན་མིའི་ཚོགས་འཛུགས་རྣམ་པའི་བོད་སྐྱོར་བྱ་བ་སྤེལ་ཏེ། རྒྱལ་ཡོངས་ཀྱི་རིམ་པ་གསུམ་པའི་སྨན་ཁང་དང་བོད་ལྗོངས་ཀྱི་རྫོང་རིམ་པའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་བྱ་བ་ལག་བསྟར་བྱས་ཏེ། ལག་རྩལ་གྱི་རྒྱབ་སྐྱོར་དང་། མི་སྣ་སྐྱེད་སྲིང་། དོ་དམ་མཛུབ་སྟོན་སོགས་ཐབས་ལམ་མང་པོ་བརྒྱུད་དེ་རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གི་ཞབས་ཞུ་ནུས་ཤུགས་ཇེ་མཐོར་གཏོང་བར་ཤུགས་སྣོན་བྱས།

དབུལ་ཕོངས་ས་ཁུལ་གྱི་འཕྲོད་བསྟེན་མི་སྣ་ཕྱོགས་བསྡུས་སྐྱེད་སྲིང་བྱེད་པའི་ཕྱོགས་ནས། 2016ལོར་བོད་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི2000བཏང་སྟེ། བོད་ལྗོངས་རོང་འབྲོག་ཁུལ་གྱི་རིམ་པ་གསུམ་པའི་འཕྲོད་བསྟེན་མི་སྣས་གསོ་སྐྱོང་ལ་རྒྱབ་སྐྱོར་བྱས་ཤིང་། གཞི་རིམ་གྱི་འཕྲོད་བསྟེན་མི་སྣའི་ཞབས་ཞུ་ནུས་བར་ཤུགས་སྣོན་བྱས་ནས། ལོ་རེར་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་མི་ཐེངས་ཁྲི1.4ལ་བསླེབ་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།