བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ58འཁོར་བར་དྲན་གསོ་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ3ཚེས28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ58འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། དམིགས་བསལ་གྱི་དུས་ཚིགས་དེར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ད་ཆར་གཅེས་སྤྲས། འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་ཡོང་བ་བྱས་པ་རེད།

ཚེས27ཉིན་གྱི་ཕྱི་དྲོ་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། སྲིད་གྲོས་ཨུ་ཡོན་གྱི་འཐུས་མི་དང་། སྲིད་གྲོས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་རྒན་གྲས། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས། བོད་རྙིང་པའི་ཆེས་གདུག་རྩུབ་དང་། ཆེས་རྗེས་ལུས། ཆེས་མུན་ནག་གི་ལོ་རྒྱུས་ལ་ཕྱིར་དྲན་དང་། གུང་ཁྲན་ཏང་གི་མཁས་མཛངས་ལྡན་པ་དང་རླབས་ཆེན་གྱི་མཛད་རྗེས་ལ་བརྩེ་སེམས་ཟབ་མོས་བསྟོད་གླུ་བླངས་པ། བོད་ལྗོངས་གསར་པ་དང་ཆབ་མདོ་གསར་པའི་འཕེལ་རྒྱས་ཡར་ཐོན་གྱི་འཕོ་འགྱུར་ཆེན་པོར་སྙིང་དབུས་ནས་བསྔགས་བརྗོད་བྱས་ནས་ཏང་གི་བཀའ་དྲིན་ཚོར་སེམས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་ཆབ་མདོ་འཛུགས་སྐྲུན་བྱེད་པའི་འདུན་པ་བཟང་པོ་དང་དད་སེམས་བརྟན་པོ་གང་ལེགས་མཚོན་པར་བྱས་པ་རེད།

ས་བབ་མཐོ་ཚད་སྨི4700ཡོད་པའི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཐང་ཆེན་དུ་ལས་བྱེད་མང་ཚོགས་ཚོས་རྒྱལ་དར་དང་། ཁ་བཏགས། མེ་ཏོག་སོས་པ་བཅས་གཡུག་གཡུག་བྱེད་བཞིན་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་སྤེལ་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་ཞུས་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དུ་ལོ72ལ་སླེབས་པའི་ལས་འཁྱུར་ངལ་གསོ་བརྒྱབ་པའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་བོད་ཆས་གྱོན་ནས་མི་ཚོགས་ཁྲོད་ལངས་ཏེ་སྡེ་ཁུལ་གྱི་ཕྲུ་གུ་དང་། བུད་མེད། རྒན་རྒོན་བཅས་དང་མཉམ་དུ་རྒྱལ་གླུ་བླངས་པ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་། “དེ་སྔ་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་དགོས་ཤིང་། ཉིན་ལྟར་ཞིང་བྲན་ཡིན་པའི་ཕ་དང་མཉམ་དུ་ལས་རྫོབ་ཆེ་བའི་ཞིང་ལས་བྱེད་དགོས་པ་དང་ཁྱིམ་དུ་སླེབས་ཀྱང་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་དྲོད་ཀྱི་མེད། ད་ཆའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་དགའ་ཚོར་ཆེན་པོ་འདུག ངའི་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན། ལས་ཀ་དང་ཁྱིམ་ཚང་ཡོད། ངས་ཁོང་ཚོའི་སྣེ་ཁྲིད་དེ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ཡིན། གུང་ཁྲན་ཏང་སླེབས་ནས་ང་ཚོའི་འཚོ་བར་བདེ་སྐྱིད་ཀྱི་ཉི་མ་ཤར་བས་ང་ཚོ་མི་རབས་ནས་མི་རབས་བར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱ་རྒྱུ་ཡིན”ཞེས་བཤད།

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་མང་ཚོགས་དང་མཉམ་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་ཞུས་པ་རེད།

བཀྲ་གཞུང་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་རྒྱལ་གླུ་བླངས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོར་རྟེན་འབྲེལ་ཞུས་ཤིང་། ཚང་མས“ཟླ་3ཚེས་28ཉིན་ནི་ཉིན་མོ་གལ་ཆེན་ཞིག་ཡིན་པ་དང་དེ་ནི་ང་ཚོ་བོད་ཀྱི་མི་དམངས་ལ་མི་ལུས་རང་དབང་ཐོབ་པའི་ཉིན་མོ་ཞིག་ཡིན་པས་དྲན་གསོ་བྱེད་འོས་པ་ཞིག་རེད”“གུང་ཁྲན་ཏང་སླེབས་རྗེས་ང་ཚོའི་དཀའ་སྡུག་གི་འཚོ་བ་སྐྱེལ་མཇུག་འགྲིལ་ནས་དཔྱིད་དཔལ་བཞད་པ་ལྟ་བུའི་བདེ་སྐྱིད་ལྡན་པའི་ཉིན་མོ་བསུས་ཡོད”ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།