བོད་ལྗོངས་ཀྱིས་བོད་ལྗོངས་སྡོང་ཕྲུག་གསོ་སྤེལ་ལྟེ་གནས་སྐྲུན་རྩིས་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ།  མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྱོང་བྱེད་པ།  བོད་ཀྱི་གཙང་པོ་གཉིས་དང་ཆུ་བོ་བཞི་རྒྱུགས་ཁུལ་དུ་ནགས་བཟོ་བྱེད་པ་སོགས་ནགས་ལས་ཀྱི་གཙོ་གནད་སྐྱེ་ཁམས་ལས་གཞིའི་འཛུགས་སྐྲུན་གྱི་དགོས་མཁོ་བསྐོང་རྒྱུ་དང་།  བོད་ཀྱི་ནགས་ལས་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་བདེ་བླག་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་བོད་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་སྡོང་ཕྲུག་གསོ་སྤེལ་ལྟེ་གནས་སྐྲུན་རྩིས་ཡོད་པ་དང་།  2019ལོར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྩིས་ཡོད་པ་དང༌།  ལྟེ་གནས་འཛུགས་སྐྲུན་ཟིན་རྗེས་བོད་ལྗོངས་ས་མཐོའི་ཁྱད་ལྡན་ནགས་ཤིང་སོན་བཟང་ཐོན་ཁུངས་ཕན་འབྲས་ལྡན་པའི་སྒོ་ནས་ཉར་ཚགས་ཐུབ་རྒྱུ་དང་རང་རྒྱལ་གྱི་སྐྱེ་དངོས་རྒྱུད་སྤེལ་སྣ་མང་ཅན་སྲུང་སྐྱོབ་ལས་དོན་ལ་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་ཐུབ་རྒྱུ་རེད།   

བོད་ལྗོངས་ཀྱིས་ནགས་ལས་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་བསྟུན་ནས།  ལོ་ལྟར་བོད་ལྗོངས་སུ་ནགས་བཟོ་སྔོ་ལྗང་ཅན་གྱི་ཐད་སྡོང་ཕྲུག་རྐང་ཁྲི6000དགོས་ཀྱི་ཡོད་ཀྱང་།  བརྟག་དཔྱད་བསྡོམས་རྩིས་བྱས་པ་བརྒྱུད་དེང་སྐབས་བོད་རང་གི་སྡོང་ཕྲུག་གསོ་སྤེལ་བྱེད་གནས་ནས་ལོར་སྡོང་ཕྲུག་རྐང་ཁྲི3000ཙམ་ལས་གསོ་སྤེལ་བྱེད་ཐུབ་ཀྱི་མེད་པས་ནགས་ལས་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་གྱི་དགོས་མཁོ་བསྐོང་ཐུབ་ཀྱི་མེད་པ་རྟོགས་ཡོད།    
       ཤེས་རྟོགས་བྱས་པར་གཞིགས་ན།  གསོ་སྤེལ་ལྟེ་གནས་དེ་འཛུགས་སྐྲུན་ཟིན་རྗེས་ཤུག་པ་སོགས་སྡོང་ཕྲུག་རིགས་དྲུག་ཅུའི་སྡོང་ཕྲུག་རྐང་ཁྲི་ཚོ་བཞི་སྟོང་གསོ་སྤེལ་ཐུབ་བཟོ་ཡོད།  རྣམ་གྲངས་དེའི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།  རྣམ་གྲངས་འཛུགས་སྐྲུན་བྱས་རྗེས་བོད་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་སྡོང་ཕྲུག་སོན་བཟང་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ནས།  བོད་ལྗོངས་ཀྱི་སྡོང་ཕྲུག་མཁོ་སྤྲོད་ཁ་ཐང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བཤད།   
      རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་དྲོད་ཚད་དམའ་བའི་སྒྲིག་ཆས་ཐོག་ནས་བོད་ཀྱི་རྩ་ཆེའི་སྡོང་ཕྲུག་སོན་བཟང་ཐོན་ཁུངས་སྣ་ཁ30ལྷག་ཙམ་ཉར་ཚགས་ཐུབ་རྒྱུ་དང༌།  བོད་ཀྱི་རྩ་ཆེའི་རྩི་ཤིང་སྣ་ཁ250ལྷག་དང་བོད་ཀྱི་སྨན་རྒྱུའི་རྩི་ཤིང་རིགས350 ལྷག རིགས་ཁག་གི་བྱེ་འགོག་རྩི་ཤིང་སྣ་ཁ100ལྷག་བཅས་བསྡུ་རུབ་ཐུབ་རྒྱུ་མ་ཟད།  རྒྱ་སེ་མེ་ཏོག་གླིང་དང་ཁམ་བུའི་མེ་ཏོག་གླིང༌།  ཤིང་པད་མའི་མེ་ཏོག་གླིང་སོགས་གཏོད་དེ་རིགས་ཁག་གི་གཟིགས་སྐོར་རྩི་ཤིང་སྣ་ཁ300ལྷག་ཙམ་ཉར་ཚགས་ཐུབ་པ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།