ལྷོ་ཁ་གྲོང་ཁྱེར་གྱི་ནོར་སྲིད་ཡོང་སྒོ་བརྟན་རླིང་ངང་འཕར་སྣོན་བྱུང་ཞིང་ན་ནིང་གི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར13.56ལ་བསླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་ནོར་སྲིད་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར13.56ལེགས་འགྲུབ་བྱས་ཏེ་དུས་མཉམ་ལས16.8%འཕར་བ་དང་། སྤྱི་འབོར་ལྗོངས་ཡོངས་ཀྱི་ཨང་གཉིས་པ་ཟིན། དེའི་ཁྲོད་གྲོང་ཁྱེར་རིམ་པའི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར7.42ལེགས་འགྲུབ་བྱས་ཤིང་། དུས་མཉམ་ལས29.9%འཕར་ནས་མགྱོགས་མྱུར་འཕར་སྣོན་མངོན་འགྱུར་བྱས། ལྷུན་རྩེ་རྫོང་དང་། ལྷོ་བྲག་རྫོང་། ཆུ་གསུམ་རྫོང་། མཚོ་སྣ་རྫོང་། ཟངས་རི་རྫོང་། སྣང་དཀར་རྩེ་རྫོང་། མཚོ་སྨད་རྫོང་། འཕྱོངས་རྒྱས་རྫོང་། གྲ་ནང་རྫོང་བཅས་རྫོང9ཡིས་ཆ་སྙོམས་སུ་ལོ་འགོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་ཞིང་། ལྷག་པར་དུ་ལྷན་རྩེ་རྫོང་གིས་ཚད་ལས་བརྒལ་ཏེ་མ་དངུལ་སྒོར་ཁྲི919མངོན་འགྱུར་བྱས།

“ལྷོ་ཁ་གྲོང་ཁྱེར་གྱི་ནོར་སྲིད་སྡེ་ཁག་གིས་ཟླ་ཕོགས་དང་། འཁོར་སྐྱོད། དམངས་འཚོ་བཅས་ལ་འགན་སྲུང་བྱས་ཏེ། འགྲོ་གྲོན་སྔོན་རྩིས་གཟབ་ནན་བྱེད་པ་དང་། མ་དངུལ་གྱི་བཀོད་གཏོང་ལ་ཤུགས་བསྣན་ཏེ། ལོ་ཧྲིལ་བོར་ནོར་སྲིད་སྔོན་རྩིས་འགྲོ་གྲོན་་སྒོར་དུང་ཕྱུར126.08ལེགས་འགྲུབ་བྱས་ཤིང་། དེའི་ཁྲོད་དབུལ་སེལ་མཁྲེགས་གཏོར་དང་། དམངས་འཚོ་ལེགས་བཅོས་སོགས་ཁྱབ་ཁོངས་གལ་ཆེན་ཐད་འགྲོ་གྲོན95.63%བཏང་བ་དང་། དེ་ལས་ལྷོ་ཁ་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གིས་མང་ཚོགས་རྩ་བར་བཟུང་སྟེ། འཕེལ་རྒྱས་གྲུབ་འབྲས་མཉམ་འཛུགས་མཉམ་སྤྱོད་བྱེད་པའི་བསམ་ཕྱོགས་མཚོན་ཡོད་ལ། ལྷག་པར་དུ་ནོར་སྲིད་མ་དངུལ་ཧྲག་བསྡུ་བྱས་ཏེ། དམངས་སེམས་ལས་གཞི་ཆེན་པོ་བཅུ་གསར་བསྐྲུན་ལག་བསྟར་བྱས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ།” ཅེས་ལྷོ་ཁ་གྲོང་ཁྱེར་ནོར་སྲིད་ཅུའུ་ཡི་ཅུའུ་ཀྲང་གིས་དེ་ལྟར་བཤད།

སྤྱིའི་ཕྱོགས་ནས་བལྟས་ན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་ལོ་འཁོར་གྱི་ནོར་སྲིད་ཡོང་སྒོ་ཆ་སྙོམས་ཡིན་ཞིང་། ནོར་སྲིད་སྔོན་རྩིས་འགྲོ་གྲོན་ལག་བསྟར་གནས་ཚུལ་བཟང་བ་དང་། ནོར་སྲིད་ཡོང་སྒོ་རྒྱུན་མཐུད་བརྟན་རླིང་ངང་འཕར་སྣོན་བྱུང་ཞིང་། ནོར་སྲིད་འགན་སྲུང་ནུས་ཤུགས་རིམ་བཞིན་ཇེ་ཆེ་རུ་གྱུར། 2017ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སོ་སོ་དངོས་འབེབས་གང་ལེགས་བྱས་ཏེ། གྲོང་ཁྱེར་གྱི་དམངས་འཚོ། ཆུ་བེད། འགན་སྲུང་སྡོད་ཁང་སོགས་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། དམངས་ཕན་ནོར་སྲིད་སྲིད་ཇུས་སོ་སོ་དངོས་འབེབས་དང་། སྡོད་དམངས་ཀྱི་མཛད་སྤྱོད་ནུས་ཤུགས་ལ་ཤུགས་བསྣན་ཏེ། མཁར་གྲོང་གི་མཛད་སྤྱོད་ཁོར་ཡུག་ལེགས་བཅོས་དང་། སྤྱི་ཚོགས་མཛད་སྤྱོད་དགོས་མཁོ་རྒྱ་བསྐྱེད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།