བོད་ཀྱི་འཐུས་མི་ཚོགས་པས་དམངས་དོན་བཅའ་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་འཆར་ཟིན་སོགས་ལ་གྲོས་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་དམངས་དོན་བཅའ་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་འཆར་ཟིན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོ་གནད་དོན་སྐོར་གྱི་གཏན་འབེབས་འཆར་ཟིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་ཐབས་འཆར་ཟིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་ཐབས་འཆར་ཟིན་བཅས་ལ་གྲོས་ཞིབ་གནང་བ་རེད།

བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན་པའི་པད་མ་འཕྲིན་ལས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་བཅས་ཚོགས་འདུར་ཞུགས་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཝུའུ་དབྱིང་ཅེ་དང་། བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཀྲང་ཧྥེ་ཀྲུང་། ཏིང་ཀྲུང་ལི། བློ་བཟང་བསྟན་པ། ཡོན་ཏན། བཀྲ་ཤིས་དབྱངས་ཅན་སོགས་འཐུས་མི་དང་། ཟུར་ཞུགས་མི་སྣ། ཟུར་ཉན་མི་སྣ་བཅས་ཀྱིས་གཏམ་བཤད་སྤེལ་གནང་བ་རེད།

ཚང་མས་ད་ཐེངས་ཚོགས་ཆེན་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་དམངས་དོན་བཅའ་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་འཆར་ཟིན་ནི་བརྟག་ཞིབ་གཏིང་ཟབ་བྱས་པ་དང་བསམ་འཆར་རྒྱ་ཁྱབ་ངང་ཉན་ནས་བཟོ་བཅོས་ཡང་ཡང་བརྒྱབ་རྗེས་གཏན་འཁེལ་བྱས་པ་ཞིག་ཡིན་པས། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ཀྱི་སྙིང་སྟོབས་མངོན་ཡོད། བཟོ་བཅོས་བརྒྱབ་པ་དང་འཐུས་ཚང་དུ་བཏང་རྗེས་ཀྱི་དམངས་དོན་བཅའ་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་འཆར་ཟིན་དེས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བྱེད་པོའི་གནད་བབ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཐའ་འཁྱོངས་བྱེད་པ། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པ་མ་ཟད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དུ་འཇོག་པ་དང་མི་དམངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཡང་བརྒྱབ་ཡོད་པས་དམངས་དོན་འབྲེལ་བ་བཅོས་སྒྲིག་ཡང་དག་བྱེད་པ་དང་། དམངས་དོན་གྱི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་པར་བཅའ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་ཞིག་བྱ་རྒྱུ་རེད། དམངས་དོན་བཅའ་ཁྲིམས་ཀྱི་སྤྱིའི་རྩ་དོན་ཁྱབ་བསྒྲགས་ལག་བསྟར་བྱས་རྗེས་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་། དྲིལ་བསྒྲགས་ཤུགས་ཆེན། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་མགྱོགས་སུ་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།

ཚང་མས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཀྱི་ཁོངས་མིའི་གྲས་ཤིག་ཡིན་པ་དང་། དེས་མི་དམངས་ཀྱི་ཁེ་ཕན་དང་སྙིང་སྟོབས་མཚོན་པ་དང་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུར་ཁྲིམས་ལྟར་ཞུགས་ཀྱི་ཡོད། ཁོང་ཚོའི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་གྱི་གཏན་འབེབས་འཆར་ཟིན་དེས་གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་མི་གྲངས་དང་མི་འབོར་ཧ་ཅང་ཉུང་བའི་མི་རིགས་ཀྱི་འཐུས་མིའི་མི་གྲངས་ཁ་གསལ་བཟོས་པ་ལས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད། ང་ཚོས་འཐུས་མིའི་འདེམས་བསྐོའི་ལས་དོན་ནན་ཏན་སྒྲུབ་པ་དང་། འགག་རྩའི་ལྷུ་ཚིགས་དམ་འཛིན་ཏན་ཏིག་བྱེད་པ། བཅའ་ཁྲིམས་དང་སྒྲིག་ལམ་ཁག་དམ་ཞིང་དྲང་བ་བཅས་བྱས་ཏེ་འདེམས་བསྐོའི་ལས་དོན་སྤྱོད་གཙང་གཞུང་དྲང་ལྡན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།