བོད་ལྗོངས་ཀྱིས་སློབ་ཆེན་མཐར་ཕྱིན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་ཧུར་སེམས་སྐོང་འཐེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང༌་བོད་ལྗོངས་ཀྱིས་སློབ་ཆེན་ཐོན་པའི་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཕྱོགས་གཅིག་ནས་སློབ་མ་དང་ཁྱིམ་བདག  སྤྱི་ཚོགས་བཅས་ཀྱིས་ལས་ཞུགས་ཀྱི་ལྟ་བ་འགྱུར་རྒྱུར་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་པ་དང༌།  ཕྱོགས་གཞན་ཞིག་ནས་ལས་གཏོད་ཐེབས་རྩ་བཙུགས་ཏེ་སློབ་ཆེན་སློབ་མས་ལས་གཏོད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་གཏན་འཁེལ་བྱས་ནས་ཐོ་འགོད་དང་ཁྲལ་བསྡུ།  མ་དངུལ།  སྒྲིག་ཆས།   ས་ཆ་སོགས་ཐད་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དང༌།  བྱ་ཐབས་སྣ་ཚོགས་མཉམ་བཟུང་བྱས་ནས་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་བཏང་བས་དམངས་ཀྱིས་བྱ་གཞག་སྐྲུན་པའི་ཧུར་སེམས་སྐོང་འཐེན་ཐུབ་ཡོད།  ལྷག་པར་དུ་སློབ་ཆེན་སློབ་མའི་བྱ་གཞག་གཏོད་པའི་སྤྲོ་སེམས་རབ་ཏུ་འཕེལ་བ་བྱས་པས་གསར་གཏོད་ལས་གཏོད་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་ཡོད། 

ན་ནིང་སྤྱི་ཟླ8པར་གཉེར་འགོ་ཚུགས་པའི་ལྷ་སའི་མཐོ་གསར་ཁུལ་གྱི་ཀུན་གཏོད་བྱ་ཡུལ་གྱིས་ལས་སྟེགས་རྒྱ་ཆེ་བ་དང་ཞབས་ཞུ་སྤུས་ལེགས།  ཁུར་པོ་ཡང་བ།  ཆ་རྐྱེན་དམའ་བ།  ཁྱད་ཆོས་ལྡན་པ་བཅས་ཀྱི་ལས་གཏོད་གསར་གཏོད་བྱས་ནས་ཁོར་ཡུག་གསར་པ་གཏོད་རྒྱུས་དམིགས་ཡུལ་བྱས་ཏེ།  ལས་གཏོད་པར་གཞུང་ལས་སྒྲིག་བཀོད་དང་ལས་གཏོད་ཟུར་འཁྲིད་སོགས་ཕྱོགས་ཡོངས་ནས་ཞབས་ཞུ་བྱེད་ཀྱི་ཡོད།  དེང་སྐབས་རྒྱལ་ཁབ་རིམ་པའི་ཚོད་ལྟ་ཁང་བཞི་དེའི་ནང་ཞུགས་ཟིན་པ་དང་དེ་མིན་དེའི་ནང་ཞུགས་རྒྱུའི་རེ་ཞུ་འབུལ་མཁན་ཚན་རྩལ་དང་སློབ་གསོ།  རིག་གནས།  ཁྱད་ལྡན་ཐོན་ལས་སོགས་ལས་གཏོད་ཁེ་ལས40ལྷག་ཙམ་ཡོད། 
      ད་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཐོག་ནས་མངོན་པར་གཞིགས་ན།  བོད་ལྗོངས་ཀྱིས་དམངས་གཏོད་བྱ་ཡུལ5དང་སློབ་ཆེན་སློབ་མའི་ལས་གཏོད་སྐྱེད་སྲིང་རྟེན་གཞི3སྐྲུན་ཡོད་པས་སློབ་ཆེན་སློབ་མར་གསར་གཏོད་ལས་གཏོད་ཀྱི་སྟེགས་བུ་གསར་པ་སྐྲུན་ཡོད་པ་དང་ཆབས་ཅིག  ལས་གཏོད་སྦྱོང་བརྡར་གྱི་དགེ་རྒན་གསོ་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་ཡོད་པས་ལྗོངས་ཡོངས་སུ་ད་ལྟ་ལས་གཏོད་སྦྱོང་བརྡར་གྱི་དགེ་རྒན600ལྷག་ཟིན་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།