ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ཚོགས་པས་འགྲེམས་སྤེལ་བྱས་པའི་སྤྱི་ལོ2016ལོའི་རྒྱལ་ཡོངས་གློག་ཤུགས་བཟོ་ལས་བསྡོམས་རྩིས་སྙན་ཞུའི་ཐོག་མངོན་པར་གཞིགས་ན། 2016ལོའི་བོད་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད21.4%འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་སླེབས་ཡོད། ཉེ་བའི་ལོའི་ཚུན་དུ། མཚོ་བོད་དང་ཁྲོན་བོད་ལྕགས་ལམ་སྐྲུན་པ་དེས་བོད་ལྗོངས་ཀྱི་གློག་སྤྱོད་ཚད་རྒྱུན་མཐུད་འཕར་བ་དང་ན་ནིང་ལོ་མཇུག་ལ་སླེབས་སྐབས་བོད་ལྗོངས་གློག་དྲའི་གློག་གཏོང་ཚད་མཐོ་ཤོས་ཝ་སྟོང་ཚན་ཁྲི་ཚོ97ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་རེད།
2016ལོར་ལྷ་ཉིང་ལྕགས་ལམ་དང་ལྷ་སའི་གྲོང་སྐོར་ལམ་སོགས་བོད་ལྗོངས་ཀྱི་གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་སྐྲུན་རྒྱུར་སྐུལ་སྤེལ་གང་མགྱོགས་གཏོང་བ་དང་བསྟུན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གློག་གི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གློག་དྲའི་འཁོར་རྒྱུགས་བྱེད་སྟངས་ལུགས་མཐུན་བཀོད་སྒྲིག་བྱེད་པ་དང་བདེ་འཇགས་ཀྱི་གློག་མཁོ་འདོན་བྱེད་པ། གློག་མཁོ་འདོན་གྱི་ནུས་པ་དང་སྤུས་ཚད་མཐོར་གཏོང་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་གློག་སྤྱོད་མཁན་ཆེ་གྲས་ཀྱི་སྤྱི་གཉེར་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ་དང་གློག་སྤྱོད་ལས་རིམ་སྟབས་བདེར་གཏོང་བ། རྒྱུན་མཐུད་ཞབས་ཞུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་སྒོ་སྟབས་བདེར་གཏོང་བ་དང་རྟ་སྒ་ཆ་འགྲིག་རྣམ་གྲངས་ཀྱི་གློག་མཁོ་འདོན་ཞབས་ཞུའི་ལམ་སྲོལ་བཏོད་པ་བཅས་བྱས་པས་ལྗོངས་ཡོངས་ཀྱི་གློག་སྤྱོད་ཚད་འཕར་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད།
གཞན་ཡང༌། ཉེ་བའི་ལོའི་ཚུན་དུ་ལྗོངས་ཡོངས་ཀྱིས་གྲོང་གསེབ་གློག་དྲ་འཛུགས་སྐྲུན་གྱི་གོམ་སྟབས་རྒྱུན་མཐུད་མགྱོགས་སུ་བཏང་བ་དང་ན་ནིང་ཚུན་དུ་གློག་ནུས་ཚབ་བྱེད་སོགས་ཀྱི་བྱ་ཐབས་ཤུགས་ཆེ་བཟུང་བས་སྤྱི་ཚོགས་གློག་སྤྱོད་ཚད་མགྱོགས་མྱུར་འཕར་རྒྱུར་ཕན་ནུས་བཟང་པོ་ཐོན་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། 2016ལོ་བར་དུ་བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང59ལ་ཁྱབ་ནས་མི་ཁྲི་ཚོ220ལ་གློག་མཁོ་འདོན་ཐུབ་ཡོད་པ་དང་ལོ་འཁོར་མོར་གློག་ནུས་ཚབ་བྱེད་ཐུབ་ཚད་ཆུ་ཚོད་ཝ་སྟོང་ཚན་དུང་ཕྱུར1.42ཟིན་ནས་ལྗོངས་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་ལ་སྐུལ་འདེད་ཤུགས་ཆེ་ཐེབས་པ་མ་ཟད། འབྱུང་འཕྲོད་དང་ཐན་རྒྱུ་ཉུང་བ་རྒྱུན་མཐུད་བཅས་ཀྱི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུར་ནུས་པ་བཟང་པོ་ཐོན་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་གློག་སྤྱོད་ཚད21.4%འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།