བོད་ལྗོངས་ཀྱི་ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2016ལོར་བོད་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཤིང་། “ལྷུག་འདྲེན”ལས་ཕན་པ་ཡུན་རིང་ཐོབ་པ་དང་། ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། གཞན་ཡང་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ། “དོ་དམ་ནན་པོའི”རྣམ་པ་རགས་ཙམ་ཆགས་པ་བཅས་ལས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་ཚུགས་པ་རེད།

ན་ནིང་བོད་ལྗོངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དམིགས་ཡུལ་དུ་བྱས་ནས་བཟོ་ཚོང་ཐོ་འགོད་སྟབས་བདེར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། “ལྷུག་འདྲེན”གྱི་ལེ་ལག་ཚང་བའི་བྱ་ཐབས་དོན་འཁྱོལ་བྱས་པ། ཐོ་འགོད་མ་རྩའི“སྔོན་ལ་ཚོང་གཉེར་ལག་ཁྱེར་ལེན་པ་དང་རྗེས་སུ་ཆོག་འཐུས་ལག་ཁྱེར་གཉེར་བའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་བྱས་ནས་ཐོ་འགོད་ཆ་རྐྱེན་དམའ་རུ་བཏང་བ་མ་ཟད། ཁྲོམ་རར་ཞུགས་པའི་ཆ་རྐྱེན་ཀྱང་དམའ་རུ་བཏང་བ་རེད།

ན་ནིང་བོད་ལྗོངས་ཀྱི་ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། “གཡུ་སྨན་སྤོས”དང་། “ལྷ་ཆུའི་བོད་སྨན”“རིག་འཛིན་རྡོ་རྗེ”བཅས་ལ་ཀྲུང་གོའི་གྲགས་ཅན་ཚོང་རྟགས་ཀྱི་མཚན་སྙན་ཐོབ་པ་དང“མཁའ་ལམ”སོགས་ཚོང་རྟགས21རང་སྐྱོང་ལྗོངས་རིམ་པའི་གྲགས་ཅན་ཚོང་རྟགས་གྲས་སུ་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད། ན་ནིང་ལོ་མཇུག་བར་བོད་ལྗོངས་ཀྱི་ཐོ་བཀོད་ཚོང་རྟགས7968ཟིན་པ་དེ་དུས་མཚུངས་ལས21.97%འཕར་ནས་བོད་སྨན་ལས་རིགས་དང་། རང་བྱུང་འཐུང་ཆུ། མི་རིགས་ལག་ཤེས་བཟོ་ལས་བཅས་ཀྱིས་མཚོན་བྱེད་བྱས་པའི་བོད་ཀྱི་སྤུས་རྟགས་བོད་ལྗོངས་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བྲིན་ཁ་རྒྱུག་པའི་རྣམ་པ་བཟང་པོ་ཐོན་པ་མ་ཟད། བོད་ལྗོངས་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཀྱང་བྱས་ཡོད་པ་རེད།

གཞན་ཡང་ལྗོངས་ཡོངས་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། ན་ནིང་བཙུགས་པའི་ཁེ་ལས་ཀྱི་ནང་དུ་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་མང་དུ་ཕྱིན་པ་དང་ལྷག་དོན་དུ་ཆ་འཕྲིན་དང་། རིག་གནས། སློབ་གསོ་སོགས་གསར་དར་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། དམངས་ཀྱིས་གསར་གཏོད་བྱེད་པའི་བར་སྟོང་དང་། དྲ་ཐོག་ཚོང་དོན། ཁེ་ལས་གསོ་སྐྱོང་རྟེན་གཞི་སོགས་གསར་དར་ལས་རྣམ་འབོར་ཆེན་ཞིག་ཐོན་ནས་གྲུབ་ཆ་ལེགས་སུ་གཏོང་བ་དང་། རིམ་སྤོར་ཐད་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།