ལྷ་ས་གྲོང་ཁྱེར་གྱིས“12345”ཐད་སྦྲེལ་ཁ་པར་ལ་བརྟེན་ནས་སྲིད་གཞུང“ལས་ཀ་མི་གྲོལ་བའི”འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས“12345”ཡི་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལ་བརྟེན་ནས“ལས་ཀ་མི་གྲོལ་བའི”སྲིད་གཞུང་ཧུར་ཐག་གཏོད་དེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་དང་། གླེང་མང་བ། དཀའ་གནད་བཅས་དུས་ཐོག་ཏུ་ལན་སྤྲོད་པ་དང་ཐག་གཅོད་བྱས་པས་སྲིད་གཞུང་གི་ཞབས་ཞུའི་ནུས་པ་སྔར་བས་མཐོ་རུ་ཕྱིན་པ་དང་ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ། དམངས་ཆེད་དང་། ནུས་ཆེ། དམ་པ་དོན་གཉེར་བཅས་ཀྱི་སྲིད་གཞུང་གི་གཟུགས་བརྙན་གཏོད་པ་བཅས་བྱས་ཡོད།

“12345”ཐད་སྦྲེལ་ཁ་པར་བཙུགས་རྗེས་ལྷ་ས་གྲོང་ཁྱེར་གྱིས་དེ་མཚུངས་ཀྱི་ལས་ཀའི་སྒྲིག་སྲོལ་དང་དཔྱད་ཞིབ་བྱ་ཐབས་བཏོན་ནས་བདག་སྤྲོད་ཁྱབ་ཁོངས་དང་། འགན་འཁྲི་ཁག་བགོས། ལས་ཀའི་གོ་རིམ་སོགས་ཐད་ཞིབ་ཕྲ་བཟོས་པ་དང་། ཁ་པར་ལེན་པ་དང་། བདག་སྤྲོད་བྱེད་པ། སྒྲུབ་གཉེར་བྱེད་པ། རྒྱབ་ཕྱོགས་ལྟ་སྐུལ་བྱེད་པ། ཚུར་ལན་སློག་པ། གདེང་འཇོག་བྱེད་པ་སོགས་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་དང་། ཁ་པར་ཐོག་མར་ལེན་པའི་འགན་འཁྲིའི་ལམ་ལུགས་དང་བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚོད24རིང་ལས་རེས་བྱེད་པ་སོགས་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱས་ཡོད། རྩ་འཛུགས་ཀྱི་གྲུབ་ཆ་དང་། ལམ་ལུགས་འཛུགས་པ། ཆེད་གཏོང་ཁ་པར་ཉན་ལེན། ཤེས་བྱའི་མཛོད་གསར་བརྗེས། སྒྲུབ་གཉེར་ཐག་གཅོད་གནས་ཚུལ་སོགས་ཐད་ཞིབ་ཕྲ་དང་ཚད་གཞི་བཟོས་པ་དང་སྦྲགས་བརྒྱ་ཆའི་བསྡུར་གྲངས་ཀྱི་ཐོག་ནས་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་བཏང་སྟེ་ལེགས་པར་བྱ་དགའ་དང་ཞན་པར་ཆད་པ་གཅོད་པའི་ལམ་ལུགས་ལག་བསྟར་བྱས་པ་རེད།

“12345”ཐད་སྦྲེལ་ཁ་པར་ཐོག་མང་ཚོགས་ཀྱི་ཁ་པར་འབྱོར་ཚེ་འཕྲལ་དུ་ལན་རྒྱག་ཐུབ་རིགས་ལས་སྟེགས་མདུན་མ་ནས་ཐད་ཀར་ལན་རྒྱག་པ་དང་། འཕྲལ་དུ་ལན་རྒྱག་མི་ཐུབ་པའི་རིགས་ལས་སྟེགས་མདུན་མས་གློག་རྡུལ་ཐོ་དེབ་བཟོས་ནས་སྲིད་གཞུང་གི་འགན་ནུས་སྡེ་ཚན་ལ་ཚུར་ལན་སྤྲོད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཆུ་ཚོད་1ནང་ཚུན་དུ་གྲོང་མི་དང་འབྲེལ་བ་བྱས་ཏེ་ཐག་གཅོད་ཇུས་གཞི་དང་ཐག་གཅོད་བྱས་འབྲས་གསལ་བཤད་བྱེད་ཀྱི་ཡོད། སྒྲུབ་གཉེར་ལན་སློག་སྐབས་མང་ཚོགས་མང་པོས་རེ་ཞུ་བྱས་པའི་སྒྲུབ་གཉེར་གྱི་དུས་བཀག་ཁ་གསལ་བཟོས་ཏེ་སྤྱིར་བཏང་སྲིད་དོན་བློ་འདྲིའི་རིགས་ཀྱི་རེ་ཞུ་བྱེད་པར་ལས་ཀའི་དུས་ཚོད་ཉིན3ནང་སྒྲུབ་གཉེར་གྱི་ལན་སློག་པ་དང་། རོགས་སྐྱོབ་རིགས་ཀྱི་རེ་ཞུ་བྱེད་པར་ལས་ཀའི་དུས་ཚོད་ཉིན་7ནང་སྒྲུབ་གཉེར་གྱི་ལན་སློག་པ། བརྟག་དཔྱད་དང་ཐག་གཅོད་བྱེད་དགོས་རིགས་ལ་ལས་ཀའི་དུས་ཚོད་ཉིན15ཡི་ནང་སྒྲུབ་གཉེར་ལན་སློག་པ། དམིགས་བསལ་གྱི་གནད་དོན་དུས་འགྱངས་བྱེད་དགོས་རིགས་ངེས་པར་དུ་སྒྲུབ་གཉེར་སྡེ་ཚན་ལ་དུས་འགྱངས་ཀྱི་རེ་ཞུ་བྱེད་པ་དང་ཆབས་ཅིག་རེ་ཞུ་བྱེད་མཁན་ལ་གསལ་བཤད་བྱེད་ཀྱི་ཡོད། དེ་མིན་ཐད་སྦྲེལ་ཁ་པར་གཞུང་ལས་ཁང་གིས་ད་དུང་དུས་བཀག་ཐོག་དཀའ་གནད་གསེད་དཀྲོལ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་སྡེ་ཚན་ཁག་གི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པར་མཐུན་སྦྱོར་བྱས་ནས་མང་ཚོགས་ཀྱི་ཁ་པར་ཐད“གནད་དོན་ཚང་མར་ལན་སློག་པ་དང་ཚང་མ་དོན་འཁྱོལ་ཐུབ་པའི”འགན་ལེན་བྱེད་ཀྱི་ཡོད།

“12345”ཐད་སྦྲེལ་ཁ་པར་གྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐད་སྦྲེལ་ཁ་པར་ཤར་གཏོང་ཐུབ་པ་ནས་བཟུང་ཁ་པར་རྒྱག་མཁན་མང་ཚོགས་ཀྱི་རེ་ཞུ་སྒྲུབ་གཉེར་ལ་ལན་སློག་ཚད100%ཟིན་པ་དང་བཅར་ལན་ལ་མང་ཚོགས་བློ་ཡིད་ཚིམ་ཚད99.42%ཟིན་ནས་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་པ་དང་དམངས་འཚོའི་ཐད་གཏོང་རླངས་འཁོར་དང་། འདེགས་སྐྱོར་ཡོ་བྱད་འཕེལ་རྒྱས། སྤྱོད་ཚུལ་དཔྱད་ཆས་བཅས་ཀྱི་ནུས་པ་ཐོན་ཡོད་པ་རེད། གོམ་སྟབས་རྗེས་མར་ཐད་སྦྲེལ་ཁ་པར་གྱིས་བདག་སྤྲོད་དང་། སྒྲུབ་གཉེར། བརྡ་ཁྱབ་བཅས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་ཞུའི་སྡེ་ཚན་ཁག་གི་ཧུར་བརྩོན་རང་བཞིན་སྔར་བས་སྐོང་འཐེན་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པའི་སྲིད་གཞུང་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།