བོད་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སྐབས་དྲུག་པ་འགོ་ཚུགས་པ།

5e60fe8bx6c31bce8f7e2&690.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ། ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་སྔར་བས་འཚོལ་ཞིབ་བྱས་ནས་རིག་གནས་ཐོན་ཁུངས་དེ་དག་ཐོན་སྐྱེད་ནུས་ཤུགས་དངོས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ12ཚེས23ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་དང་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བ། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་རྒྱུར་གཞོགས་འདེགས་བྱས་པའི“བོད་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སྐབས་དྲུག་པ”(གཤམ་དུ་ཐང་གའི་དངོས་མང་སྟོན་ཚོགས་ཞེས་བསྡུ་རྒྱུ)བཤད་སྒྲ་སྒོ་རའི་ནང་གཉེར་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་ཐང་གའི་དངོས་མང་སྟོན་ཚོགས་དུས་ཡུན་ཉིན3གཉེར་བའི་ནང་འགོ་ཚུགས་མཛད་སྒོ་དང་། རིམ་པ་མི་གཅིག་པའི་ལྷ་འབྲི་བའི་ལོ་འཁོར་གྱི་བརྩམས་ཆོས་དཔྱད་ཞིབ། ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་རིག་གཞུང་གླེང་སྟེགས། “བོད་ཀྱི་ཐང་གའི་ཐོན་ལས་ཀྱི་རིག་གཞུང་དཔྱད་རྩོམ་ཕྱོགས་བསྒྲིགས”ཞེས་པའི་དེབ་ཕུད་མཛད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ཚེས23ཉིན་གྱི་སྔ་དྲོར་གཉེར་བའི་འགོ་ཚུགས་མཛད་སྒོའི་ཐོག《བོད་ཀྱི་ཐང་གའི་རིགས་ཀྱི་ས་གནས་ཚད་གཞི》དངོས་སུ་ཡོངས་བསྒྲགས་བྱས་ཡོད། གཞན་ཡང་ད་ཐེངས“ཐང་གའི་དངོས་མང་སྟོན་ཚོགས”ཁྲོད་དུ་སྤུས་དག་ཐང་ག་འགྲེམས་སྟོན་བྱེད་རིང་ལྷ་ས་དང་། གཞིས་རྩེ། ཆབ་མདོ། ལྷོ་ཁ་སོགས་གྲོང་ཁྱེར(ས་ཁུལ)ནས་ཡོང་བའི་བོད་ཀྱི་ལྷ་འབྲི་བ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མཚན་སྙན་ལྡན་པའི་ལྷ་འབྲི་བ99ཡི་བརྩམས་ཆོས99འགྲེམས་སྟོན་བྱས་པ་དང་། བརྩམས་ཆོས་དེ་དག་ནང་ལག་བྲིས་དང་དྲས་གྲུབ་སོགས་རིགས་མི་འདྲ་བ་ཚུད་ཡོད་པ་དང་སྨན་ཐང་དང་། སྨན་གསར། སྒར་བྲིས། མཁྱེན་བརྩེ་སོགས་འབྲི་རྒྱུན་མི་འདྲ་བ་མང་པོ་ཚུད་པ་རེད།

16220U949-1.jpg

ད་ཐེངས་ཀྱི་ཐང་གའི་དངོས་མང་སྟོན་ཚོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “བོད་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས”གཉེར་དོན་ནི་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གོང་འཕེལ་འཆར་གཞི་ལག་ལེན་བསྟར་བ། ཐང་གའི་ཐོན་ལས་འཕེལ་རྒྱས་མྱུར་པོ་གཏོང་བ། རིག་གནས་ཐོན་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེ་མོ་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་རིག་གནས་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་གསར་པ་ཞིག་ཏུ་འགྱུར་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་ཆེད་ཡིན་པ་རེད།

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2016ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ཐང་གའི་ལས་ལ་གཞོལ་མཁན3000ལྷག་ཟིན་པ་དང་། “བོད་ཀྱི་ཐང་གའི་སྒྱུ་རྩལ་ཆེ་མོ་བའི”མཚན་སྙན་ཡོད་པའི་ཤེས་ལྡན་པ4དང་བོད་ཀྱི་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི“རིམ་པ་མི་གཅིག་པའི་ལྷ་འབྲི་བ”99ཡོད་པ་རེད། ལྗོངས་ཡོངས་སུ་ཐང་གའི་སྒྱུ་རྩལ་གླིང་དང་། གསོ་སྦྱོང་སྒྲིག་གཞི། དགེ་སློབ་རྒྱུན་འཛིན་ལས་དོན་ཁང་སོགས་དམངས་ཁྲོད་རྩ་འཛུགས་སྣ་ཚོགས300ལྷག་ཙམ་ཡོད་པ་དང་ལོ་ལྟར་དགེ་ཕྲུག200ཡས་མས་ཐོན་གྱི་ཡོད། དེ་དང་ཆབས་གཅིག་ལྗོངས་ཡོངས་སུ་ལོར་ཐང་ག་བྲིན་ཚོང་བྱེད་ཚད་སྒོར་དུང་ཕྱུར1ཟིན་པ་དང་། ཐང་གའི་ཁེ་ལས30ལྷག་ཙམ་ཡོད་པ། ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི1000ཡན་ཟིན་པའི་རིག་གནས་ཁེ་ལས4ཡོད་པ་དང་། དེ་དག་གི་ཐང་ག་རྒྱལ་ཡོངས་ཀྱི་ས་གནས་གང་སར་འཚོང་བཞིན་ཡོད་པ་མ་ཟད། ཡོ་རོབ་དང་མེ་གླིང་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་སོགས་སུ་འཚོང་གི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།