བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སྐབས་དྲུག་པ་བཤད་གྲྭའི་སྒོ་ར་ཆེན་མོར་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས23ཉིན་གྱི་སྔ་དྲོ།  བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་།  བོད་ལྗོངས་རིག་གནས་གོང་འཕེལ་སྐུལ་འདེད་ལྷན་ཚོགས་དང་བོད་ལྗོངས་ཐང་ག་སྒྱུ་རྩལ་གླིང་གིས་སྒྲུབ་མཁན་འཁུར་བ།  ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་རོགས་བཅས་བྱས་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སྐབས་དྲུག་པ་བཤད་གྲྭའི་སྒོ་ར་ཆེན་མོར་སྤེལ་འགོ་ཚུགས་པ་རེད།

ད་རེས་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་ཀྱིས་དུས་ཡུན་ཉིན་གསུམ་ནང་ལྷ་ས་དང་གཞིས་རྩེ།  ཆབ་མདོ།  ལྷོ་ཁ་སོགས་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཐང་གའི་བརྩམས་བྱ99འགྲེམས་སྟོན་བྱས་པ་དེ་དག་ནི་བོད་ཀྱི་རིམ་པ་དང་པོ་དང་གཉིས་པ།  གསུམ་པ་བཅས་ཀྱི་ལྷ་རིས་པའི་མཚན་སྙན་ཐོབ་མཁན་ལྷ་འབྲི་བ99ཡི་བརྩམ་བྱ་ཡིན་པ་རེད།

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན།  སྤྱི་ལོ2016ལོའི་ལོ་མཇུག་བར་རང་ལྗོངས་སུ་ཐང་ག་བཞེངས་མཁན3000ལྷག་ཙམ་ཡོད་པ་དང་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་དབུ་ཆེན་བཞི་དང་བོད་ཀྱི་རིམ་པ་དང་པོ་དང་གཉིས་པ།  གསུམ་པ་བཅས་ཀྱི་ལྷ་འབྲི་བ99ཡོད།  ལྗོངས་ཡོངས་ཀྱི་རིགས་ཁག་གི་ཐང་གའི་སྒྱུ་རྩལ་གླིང་དང་སྦྱོང་བརྡར་ཚན་པ།  ལག་རྒྱུན་འཛིན་སྐྱོང་ལས་དོན་ཁང་སོགས་དམངས་ཁྲོད་རྩ་འཛུགས300ཙམ་ཡོད་པ་དང་ལོ་ལྟར་སློབ་མ200ལྷག་ཙམ་གསོ་སྐྱོང་བྱེད་པ་དང་ཆབས་ཅིག་ལྗོངས་ཡོངས་སུ་ཐང་ག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར1ཟིན་གྱི་ཡོད་པ་དང་ཐང་གའི་ཁེ་ལས30ལྷག་ཙམ་ཟིན་པའི་ནང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲོ་ཚོ1000ཡན་ཟིན་མཁན་རིག་གནས་ཁེ་ལས་བཞི་ཡོད་ཅིང་།  ཐང་གའི་བརྩམ་བྱ་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་འཚོང་འགྲེམས་བྱེད་ཀྱི་ཡོད་པ་མ་ཟད།  ད་དུང་ཡོ་རོབ་དང་ཨ་མི་རི་ཁ།  ཨེ་ཤི་ཡ་ལྷོ་བྱང་སོགས་འཛམ་གླིང་ས་གནས་ཁག་ལ་ཡང་འཚོང་འགྲེམས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།