ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་གཙང་སེལ་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

res01_attpic_brief.jpg

འདི་ནི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་མེར་སྲེག་གློག་འདོན་བཟོ་གྲྭར་གད་སྙིགས་མེར་སྲེག་གློག་འདོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་མེར་སྲེག་གློག་འདོན་བཟོ་གྲྭ་དང་ལྷ་ས་སྐྱིད་ཆུའི(གྲོང་ཁུལ་དུམ་བུ)ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭའི་ཆུ་སྒོ་གཉིས་པ་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་ལམ་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བཞི་པ་སོགས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ་དང་། སྣོད་བཅུད་སྲུང་སྐྱོང་ནང་ཁ་གཏད་ཧུར་ཐག་གཅོག་པ་དང་། བྱ་ཐབས་ནུས་ལྡན་སྤྱོད་པ། རང་འགུལ་ངང་ལས་དོན་སྒྲུབ་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་བརྟན་དུ་གཏོང་བ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་བཅས་ཡིན་པའི་ཅང་ཅེ་བཅས་བརྟག་ཞིབ་ནང་ལྷན་དུ་ཕེབས་ཡོད་པ་རེད།

ཆུ་ཤུར་རྫོང་མཉེས་ཐང་ཤང་དུ་གནས་པའི་ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་མེར་སྲེག་གློག་འདོན་བཟོ་གྲྭ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་གནོད་མེད་གཙང་སེལ་བྱེད་པའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་དང་། མཛེས་པའི་གྲོང་གསེབ་དང་། མཛེས་སྡུག་ལྡན་པའི་ལྷ་ས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པའི་ཚད་གཞིའི་དཔེ་མཚོན་རྣམ་གྲངས་ཤིག་ཡིན་པ་དང་། དེ་བདེ་ཐང་ལྷ་ས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་ཏུ་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད་པ་རེད། གད་སྙིགས་དག་མེར་སྲེག་གློག་འདོན་བཟོ་གྲྭར་མེར་སྲེག་གང་ལེགས་བཏང་ནས་རླངས་པ་ཚ་པོ་ཆགས་པ་བྱས་ཏེ་རླངས་སྒུལ་གློག་འདོན་འཕྲུལ་ཚན་ལ་བརྟེན་ནས་གློག་ནུས་ཆགས་པ་བྱེད་པ་དང་། གློག་ནུས་དག་གློག་དྲ་བརྒྱུད་གད་སྙིགས་གཙང་སེལ་གྱི་ཐོན་ཁུངས་ཅན་ལ་འགྱུར་བ་བྱེད་པ། གད་སྙིགས་མེར་བསྲེགས་རྗེས་དུ་བ་གཙང་སེལ་བྱེད་པ་དང་རོ་ཏོ་རྣམས་དུག་སེལ་ས་སྦས་བཏང་ནས་སྟབས་བདེའི་ས་སྦས་གཏོང་བ་ནས་མེར་སྲེག་གློག་འདོན་དང་། བེད་མེད་དངོས་པོ་བེད་སྤྱོད་གང་ལེགས། འཁོར་རྒྱུག་བེད་སྤྱོད་བཅས་ཀྱི་མཆོང་སྐྱོད་གསར་པ་ཡོང་བ་བྱེད་ཀྱི་ཡོད་པ་རེད། མིག་སྔར་རྣམ་གྲངས་དེས་ཉིན་རེར་གད་སྙིགས་ཏུན700གཙང་སེལ་བྱེད་ཀྱི་ཡོད་པས་ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་མཐའ་མའི་གཙང་སེལ་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཕྱིན་པའི་ཁར་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་ཕྱིན་པ་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད་པ་རེད། བརྟག་དཔྱད་གནང་བའི་བརྒྱུད་རིམ་ནང་ཝུའུ་དབྱིང་ཅེས་གད་སྙིགས་མེར་སྲེག་གློག་འདོན་དང་རོ་ཏོ་ས་སྦས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གད་སྙིགས་ཀྱི་གནད་དོན་ནི་གནད་དོན་ཆུང་ངུ་ཞིག་ཏུ་མཐོང་རུང་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་མི་སེར་ཚོའི་འཚོ་བ་དང་གྲོང་ཁྱེར་འཁོར་རྒྱུག་གི་དོན་ཆེན་དང་འབྲེལ་བ་དམ་ཟབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་ཏན་ཏིག་གཏོང་བ་སོགས་ཐད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྒོ་ནས་གད་སྙིགས་གཙང་སེལ་བྱེད་པའི་ནུས་པ་ཧ་ཅང་ཆེན་པོ་འདོན་སྤེལ་བྱས་ནས་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་ཁག་གི་འཚོ་བའི་གད་སྙིགས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྒོ་ནས་གཙང་སེལ་བྱེད་དགོས་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་གངས་ལྗོངས་ས་མཐོའི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་སྣོད་བཅུད་ཁོར་ཡུག་གཏོད་དགོས་པ་དང་། རྒྱ་ཆེའི་མང་ཚོགས་ཚོས་མི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་གད་སྙིགས་གནོད་མེད་གཙང་སེལ་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུར་ཁྲིད་སྟོན་བྱས་ནས་གད་སྙིགས་རིགས་དབྱེའི་གོམས་གཤིས་འཇགས་པ་བྱེད་དགོས་པ། ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་དེ་ཁུལ་གྱི་མང་ཚོགས་དབུལ་པོར་ལས་ཞུགས་དང་ལས་གནས་དེ་བས་མང་བ་གཏོད་པ་དང་ལས་ཞུགས་ལ་བརྟེན་ནས་མི་སེམས་རྣལ་དུ་ཕབ་པ་དང་ལས་ཞུགས་ལ་བརྟེན་ནས་མི་རྣམས་ཕྱུག་པོ་ཆགས་པ་བྱས་ཏེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར35.32བཏང་བའི་ལྷ་ས་སྐྱིད་ཆུའི(གྲོང་ཁུལ་དུམ་བུ)ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་ནི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བའི་གཙོ་གནད་ལས་གྲྭ་ཞིག་ཡིན་པ་དང་། ལས་གྲྭ་དེས་ཆུ་འགོག་ཆུ་སྒོ་དང་ཆུ་རགས6བསྐྲུན་ནས་མི་བཟོས་མཚེའུ་ཆགས་པ་བྱེད་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག་རིམ་ཁག་ཆུ་འགོག་ཆུ་སྒོའི་དབར་གྱི་ཆུ་ལམ་གྱི་ངོགས་གཉིས་དང་གྲམ་པ་ཅུང་མཐོ་ཁུལ་དུ་ཆུ་བོ་དང་བར་ཐག་ཉེ་བའི་ལྗོངས་གཟིགས་སྟེགས་བུ་དང་སྤྱི་གླིང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་དེར་ཆུ་ལམ་བཅོས་སྒྲིག་དང་། ཁོར་ཡུག་མཛེས་བཟོ། ཆུ་འགྲམ་སྤྲོ་སྐྱིད་སོགས་ཀྱི་ནུས་པ་ལྡན་པ་བྱེད་རྒྱུ་ཡིན་པ་རེད། ལས་གྲྭ་དེ་བསྐྲུན་རྗེས་ཆུ་ཆུང་བའི་དུས་སམ་ཡང་ན་ཆུ་ཁ་སྙོམས་པའི་དུས་ཀྱི་ལྷ་ས་སྐྱིད་ཆུའི་ཐོག་སྤྱི་ལེ་ངོས་གྲུ19.2ཙམ་ཟིན་པའི་ཆུ་དྭངས་ཀྱི་རྣམ་པ་ཞིག་ཆགས་རྒྱུ་ཡིན་པ་དེས་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུ་དང་མིའི་ལུས་པོའི་སྐྱིད་སྣང་དོད་ཚད་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་ལ་གྲོང་ཁུལ་དང་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་འགྲོ་རྒྱུ་དང་སྤྲོ་གསེང་ཡུལ་སྐོར་ཞབས་ཞུའི་ནུས་པ་ཆེ་རུ་འགྲོ་རྒྱུར་ཡང་ཕན་པ་ཐོན་རྒྱུ་ཡིན་པ་རེད། ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་གསན་རྗེས་ཝུའུ་དབྱིང་ཅེས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྣོད་བཅུད་དང་དམངས་འཚོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་བཀོད་སྒྲིག་བྱེད་ཚུལ་ཆེན་པོ་གསུམ་ལ་སྤྱི་འདོམས་བྱེད་པ། ཆུ་བེད་འཛུགས་སྐྲུན་དང་གྲོང་ཁྱེར་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་ཟུང་འབྲེལ་དམ་ཟབ་བྱེད་པ། ལམ་རྒྱུད་སྔོ་ལྗང་དང་མཛེས་བཟོའི་ལས་གྲྭ་ནུས་ལྡན་ངང་ལག་ལེན་ཡག་པོ་བསྟར་བ། རང་བྱུང་ཁམས་ཞི་མཐུན་དང་ཁྱད་ཆོས་མངོན་གསལ་དོད་པའི་ས་མཐོའི་མཛེས་ལྗོངས་གཏོད་པ་བཅས་བྱས་ནས་གནས་དེ་ཉིད་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་མཚོན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེ་དང་བཅས་པ་རླངས་འཁོར་ནང་བཞུགས་ནས་ལམ་ཐག་སྤྱི་ལེ130ལྷག་ཙམ་བསྐྱོད་དེ་ལྷ་སའི་གྲོང་སྐོར་ལམ་འཛུགས་སྐྲུན་བྱ་ཡུལ་དུ་བརྟག་ཞིབ་གནང་བ་རེད། ལྷ་སའི་གྲོང་སྐོར་ལམ་ནི་རང་སྐྱོང་ལྗོངས་ཀྱི་ས་མཚམས་སྒྲོལ་བའི་འགྲོ་ལམ་དང་གྲོང་ཁྱེར་འགྲོ་ལམ་ནུས་པ་གཞི་གཅིག་ཏུ་འདུས་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་རེད། མིག་སྔར་ལས་གྲྭའི་སྒྲོམ་གཞི་གཙོ་བོ་སྤྱིར་ན་བསྐྲུན་ཟིན་པ་དང་ལེ་ལག་ཚང་བའི་ལས་གྲྭ་ཁག་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བཞིན་ཡོད་པ་རེད། ལས་གྲྭ་དེ་བསྐྲུན་རྗེས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་འགྲིམ་འགྲུལ་བཀོད་སྒྲིག་བྱེད་ཚུལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་གཏོང་བ། གྲོང་མིའི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་གཏོང་བ། ལྟེ་བའི་གྲོང་ཁྱེར་གྱི་འཕེལ་རྒྱས་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ཝུའུ་དབྱིང་ཅེ་དང་བཅས་པས་ལས་གྲྭའི་འཛུགས་སྐྲུན་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་བླང་བྱ་ལས་གྲྭ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་པ་དང་། དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོ་དང་། ལྗང་མདོག་འཕེལ་རྒྱས་དོན་གཉེར། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན། སྣོད་བཅུད་སྲུང་སྐྱོང་ལ་མཐོང་ཆེན་བཅས་བྱེད་པ། ཐོན་ཁུངས་བགོ་འགྲེམས་ཁྲོད་ཀྱི་ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྣམ་གྲངས་འཛུགས་སྐྲུན་ཁྲོམ་རར་ཁྲིམས་བཞིན་དོ་དམ་བྱེད་པ། ལྟ་སྐུལ་དོ་དམ་ནན་པོ་བྱེད་པ། བདེ་འཇགས་ཀྱི་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། ཕྱོགས་ཁག་གི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་གྲོང་ཁྱེར་གྱི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་པ་བཅས་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེབས་པའི་རྩེར་སོན་ལས་གྲྭ་དང་བདེ་འཇགས་ལྡན་པའི་ལས་གྲྭ་བསྐྲུན་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།