བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་དབྱི་ལི་ཐོན་ཁུངས་ཚོགས་པ་དང་བཞུགས་མོལ་གནང་སྟེ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས24ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དབྱི་ལི་ཐོན་ཁུངས་ཚོགས་པ་ཚད་ཡོད་ཀུང་སི་དང་ལྷ་སར་བཞུགས་མོལ་གནང་བ་དང་འབྲེལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ནས་གཙོ་གནད་ཁེ་ལས་དང་སྣོད་བཅུད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་བཅས་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དབྱི་ལི་ཐོན་ཁུངས་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཝུན་པེའོ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་རེད།

བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་ཝང་ཝུན་པེའོ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། དབྱི་ལི་ཐོན་ཁུངས་ཚོགས་པས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པར་དགའ་བསུ་ཞུས་པ་དང་འབྲེལ་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་དབྱང་གིས་དཀྲིས་པའི་ལས་འགན་གལ་ཆེན་ཞིག་རེད་ལ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པར་ངེས་པར་དུ་ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་དགོས་པ་དང་། ཁྲོམ་རའི་འཁོར་རྒྱུག་ཤུགས་ཆེ་རུ་གཏོང་དགོས་པ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཀྱི་ཡོད། ང་ཚོས་དབྱི་ལི་ཚོགས་པ་ཚུད་པའི་སྣོད་བཅུད་ཁྱབ་ཁོངས་ཀྱི་གྲགས་ཅན་ཁེ་ལས་བོད་དུ་ཕེབས་པར་དགའ་བསུ་རྣམ་དག་ཞུ་རྒྱུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་ཀྱང་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་ནི་ཀྲུང་དབྱང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། དེ་ལས་བོད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མགྱོགས་མྱུར་བྱེད་པའི་ཐད་སྐུལ་འདེད་ཀྱི་ནུས་པ་ཡག་པོ་ཞིག་ཐོན་ངེས་ཡིན། དབྱི་ལི་ཚོགས་པས་ནག་ཆུའི་མཐོ་གྲང་ས་ཁུལ་གྱི་སྣོད་བཅུད་འཛུགས་སྐྲུན་གྱི་གལ་ཆེའི་ཚན་རྩལ་འགག་སྒྲོལ་རྣམ་གྲངས་ལག་ལེན་བསྟར་བ་གོ་སྐབས་སུ་བྱས་ཏེ། རང་ལྗོངས་ཀྱི་མཐོ་གྲང་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་དང་། བྱེ་ས་ཅན་བཅོས་སྒྲིག “གཙང་པོ་གཉིས་དང་ཆུ་བོ་བཞི”ནགས་བཟོ་ལྗང་འགྱུར། ས་གནས་དེ་གའི་དངོས་རིགས་ཞིབ་འཇུག་བེད་སྤྱོད་སོགས་སྣོད་བཅུད་འདུ་འགོད་གལ་ཆེན་ལ་ཧུར་ཐག་ཞུགས་ཏེ། དེ་བས་མང་བའི་ཞིང་འབྲོག་མང་ཚོགས་ལ“སྣོད་བཅུད་ཀྱི་ཕན་པ”སྔར་བས་མང་པོ་འདོགས་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་དབྱི་ལི་ཚོགས་པ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ་སྲིད་ཇུས་རོགས་སྐྱོར་དང་། རྣམ་གྲངས་རྒྱབ་སྐྱོར། མཐུན་སྦྱོར་ཞབས་ཞུ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་འདོད་ཀྱང་ཡོད། གྲོས་མཐུན་གྱི་ནང་དོན་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུའི་ལས་དོན་མཐུན་སྦྱོར་སྒྲིག་གཞི་ཞིག་ཆགས་ནས་གོམ་སྟབས་རྗེས་མའི་ལས་དོན་བརྟན་པོའི་ངང་་སྤེལ་བར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡང་ཡོད་ཅེས་གསུངས།

ཝང་ཝུན་པེའོ་ཡིས་དབྱི་ལི་ཚོགས་པས་མཉམ་ལས་གྲོས་མཐུན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ནག་ཆུའི་མཐོ་གྲང་ས་ཁུལ་གྱི་སྣོད་བཅུད་འཛུགས་སྐྲུན་གྱི་གལ་ཆེའི་ཚན་རྩལ་འགག་སྒྲོལ་རྣམ་གྲངས་ལག་བསྟར་ནན་ཏན་བྱེད་པ། བོད་ཀྱི་བྱེ་ས་ཅན་བཅོས་སྒྲིག་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”ནགས་བཟོ་ལྗང་འགྱུར། འོད་ཤུགས+སྣོད་བཅུད་ཞིང་ལས་རྣམ་གྲངས། སྣོད་བཅུད་དང་དངུལ་རྩ་མཉམ་འདྲེས་འཕེལ་རྒྱས་བཅས་ལ་ཧུར་ཐག་ཞུགས་པ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་སྔར་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།