ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་བོད་ལྗོངས་ཀྱི་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་དང་བསྟུན་ནས། པེ་ཅིང་ཞེ་ཧོ་སྨན་ཁང་དང་པེ་ཆེན་སློབ་ཆེན་མི་དམངས་སྨན་ཁང་། དེ་བཞིན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁོངས་གཏོགས་གཙོ་གནད་སྨན་ཁང་ཁག་གཅིག་གི་སྨན་བཅོས་རྐང་འཛིན་མི་སྣ་འབོར་ཆེན་ཞིག་གིས་བྱང་ཆུབ་པའི་ལག་རྩལ་སྤྱད་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། སྔོན་ཐོག་གྱི་གསོ་རིག་འདུ་ཤེས་དང་རྩ་ཆེའི་ཉམས་མྱོང་བརྒྱུད་སྤེལ་བྱས་པ་དང་། སྨན་ཁང་ཚན་རིག་དང་མཐུན་པའི་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་སྡེ་ཁག་འཛུགས་སྐྲུན་དང་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། རང་ལྗོངས་ཀྱི་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ནད་པ་དང་ཁྱིམ་ཚང་གང་མང་ལ་ཕན་བཏགས་པ་རེད།

བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔའི་བར། བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་ཆེད་ལས་སྡེ་ཁག་51གཙོ་གནད་ཐོག་འཛུགས་རྒྱུ་གཏན་འཁེལ་བྱས་པ་དང་། ཆེད་ལས་སྡེ་ཁག་གི་འཕེལ་རྒྱས་འཆར་གཞི་114བཟོས་ཤིང་། སྨན་བཅོས་ཚན་ཞིབ་འགག་སྒྲོལ་རྣམ་གྲངས་56གཏན་ལ་འཁེལ་བ་རེད། དེའི་ནང་ཨན་ཧུའེ་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གྲུབ་ཆའི་བཀོད་པ་ལེགས་གཏོང་ལ་ཤུགས་བརྒྱབ་ནས་བྱིས་པའི་སྡེ་ཁག་དང་། བུད་མེད་སྡེ་ཁག གློག་པར་ཁང་། བརྟག་དཔྱད་སྡེ་ཁག ཕྱི་ནད་སྡེ་ཁག ཁོག་ནད་སྡེ་ཁག་སོགས་ཀྱི་ཆེད་ལས་སྡེ་ཁག་གཙོ་གནད་ཐོག་བཙུགས་པ་དང་། ཧྲའན་ཤིས་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་120མྱུར་སྐྱོབ་ལྟེ་གནས་གཙོ་གནད་ཐོག་བསྐྲུན་ཞིང་། མིག་སྔར་མྱུར་སྐྱོབ་ལྟེ་གནས་ཀྱི་བཀོད་པ་སོགས་རྨང་གཞིའི་རང་བཞིན་གྱི་ལས་དོན་སྤྱིའི་ཆ་ནས་ལེགས་སྒྲུབ་ཟིན་ནས། 120མྱུར་སྐྱོབ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་ནད་ལྟ་འགོ་ཚུགས་ཡོད་པ་རེད།

བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་རང་ངོས་ཀྱི་ལེགས་ཆ་དང་ཆེད་ལས་ཤེས་བྱ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་སྒོའི་གསོ་སྦྱོང་སྤེལ་བ་དང་། དུས་མཚུངས་ལྗོངས་ཕྱིའི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་བོད་དུ་རིག་གཞུང་སྤེལ་རེས་དང་གསོ་སྦྱོང་འཛིན་གྲྭ་གཉེར་བར་གདན་དྲངས་པ་དང་འབྲེལ། ས་གནས་དེ་གའི་སྨན་དོན་མི་སྣ་ལྗོངས་ཕྱི་ནང་གི་རིག་གཞུང་སྤེལ་རེས་ཚོགས་འདུའི་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཐོག ས་གནས་དེ་གའི་ཕུལ་བྱུང་སྨན་དོན་མི་སྣ་རོགས་སྐྱོར་སྨན་ཁང་དུ་གསོ་སྦྱོང་བྱེད་པར་བཏང་ནས་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་པ་རེད།

བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་སྨན་ཁང་གི་སྨན་བཅོས་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་དཔྱད་ཞིབ་བྱེད་པའི་ལྡོག་མེད་ཀྱི་དམིགས་ཚད་དུ་བརྩིས་པ་དང་། ནང་སའི་སྨན་ཁང་གི་སྔོན་ཐོན་སྨན་བཅོས་ལག་རྩལ་དང་གྲུབ་འབྲས་གང་ལེགས་རྒྱ་ཁྱབ་ངང་སྤྱད་དེ་ལས་སྒོ་གསར་པ་དང་ལག་རྩལ་གསར་པ་285ལག་བསྟར་བྱས་ནས། རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་སྟོང་ཆ་མང་པོ་གསབ་རྒྱུར་སྐུལ་འདེད་བཏང་བ་རེད།

རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་དོ་དམ་རྗེས་ལུས་ཐེབས་པ་དང་། སྨན་བཅོས་བརྒྱུད་རིམ་འཐུས་སྒོ་ཚང་པོ་མེད་པ། སྨན་བཅོས་ལམ་ལུགས་ཆ་མི་ཚང་བ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་ནང་སའི་སྨན་ཁང་གི་སྔོན་ཐོན་དོ་དམ་བྱེད་ཐབས་གང་ལེགས་སྤྱད་པ་དང་། སྔོན་ཐོན་གྱི་དོ་དམ་ཉམས་མྱོང་དཔྱད་གཞིར་འཛིན་པ། ཞིབ་ཕྲའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ལས་ཀའི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་བ། ལས་རིགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་བཅས་བྱས་པས། སྨན་བཅོས་ཞབས་ཞུའི་བརྒྱུད་རིམ་སྔར་བས་ལེགས་སུ་ཕྱིན་པ་དང་སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད། མིག་སྔའི་བར། སྨན་ཁང་ཁག་གིས་བསྡོམས་རྩིས་བྱས་ན་སྒྲིག་སྲོལ་ལམ་ལུགས་771བཟོས་པ་དང་འབྲེལ་སྨན་ཁང་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བའི་བསམ་འཆར602གསེད་བཀྲོལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།