​བོད་ལྗོངས་སློབ་ཆེན་གྱིས་ནུས་པ་ཀུན་བཏུས་ཀྱི་བོད་སྐད་མཉེན་ཆས་དང་པོ་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་སློབ་ཆེན་གྱིས་ནུས་པ་ཀུན་བཏུས་ཀྱི་བོད་སྐད་མཉེན་ཆས་དང་པོ་བཏོན་པ་དང་།  མཉེན་ཆས་དེས་རིག་ནུས་ཀྱི་སྤྲིན་ཚོགས་སྟེགས་བུ་གཞིར་བཟུང་།  སྐད་བརྡ་དང་ལག་བྲིས།  སྦྱོར་བྲིས་བཅས་ནུས་པ་གསུམ་གཞི་གཅིག་ཏུ་བསྡུས་པ་ཙམ་མ་ཟད།  བོད་སྐད་ཀྱི་སྐད་བརྡའི་དབྱེ་འབྱེད་ལག་རྩལ་དང་བོད་ཡིག་གི་ལག་བྲིས་དབྱེ་འབྱེད་ལག་རྩལ་གྱི་གྲུབ་འབྲས་ཀྱང་བསྡུས་ཡོད་པས་དེ་ནི་བཀོལ་སྤྱོད་སྟབས་བདེ་བ་དང་གནད་ལ་འཁེལ་ཚད་མཐོ་བའི་མཉེན་ཆས་ཤིག་ཡིན།

མཉེན་ཆས་ངོ་སྤྲོད་འགྲེམས་སྟོན་མཛད་སྒོའི་ཐོག་བོད་ལྗོངས་སློབ་ཆེན་གྱི་སློབ་མ་དོན་གྲུབ་ཀྱིས་སྐད་བརྡ་དང་ལག་བྲིས་འཁྱུག་ཡིག་རྒྱག་སྟངས་སྟོན་པ་དང་།  མཉེན་ཆས་དེས་དབྱེ་འབྱེད་བྱས་པ་བརྒྱུད་གནད་ལ་འཁེལ་ལ་མྱུར་ཚད་མགྱོགས་པོས་དབུ་ཅན་གསལ་བ་དང་གནད་ལ་འཁེལ་ཚད97%ཟིན་ཡོད།  བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བློ་བཟང་སྐལ་ལྡན་གྱིས་སྐད་བརྡ་དང་ལག་བྲིས་ཕན་ཚུན་བརྗེ་རེས་ཐུབ་པའི་བོད་ཡིག་རྒྱག་ཐབས་དེ་སྔོན་མའི་སྦྱོར་བྲིས་ཀྱི་ཡི་གེ་རྒྱག་སྟངས་དང་མི་འདྲ་བར།  རྒྱུན་དུ་བོད་ཡིག་རྒྱག་མཁན་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅེས་བཤད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།