ཏེང་ཞའོ་ཀང་གིས་བོད་ལྗོངས་ཀྱི་མི་དམངས་མཁའ་ཟོན་བྱ་གཞག་ཐད་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས30ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ལྷ་སར་རང་ལྗོངས་ཀྱི་མི་དམངས་མཁའ་ཟོན་ལས་དོན་ཐད་གཟིགས་ཞིབ་དང་བརྟག་ཞིབ་གནང་ཞིང་། ཁོང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་དམག་འཐབ་མཁའ་ཟོན་དང་། རྒྱུན་གཏན་གྱི་ཞབས་ཞུ། འཕྲལ་སྡོམ་རོགས་སྐྱོར་བཅས་ཀྱི་འགན་འཁྲིའི་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རང་ལྗོངས་ཀྱི་མི་དམངས་མཁའ་ཟོན་བྱ་གཞག་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

བོད་རང་སྐྱོང་ལྗོངས་མི་དམངས་མཁའ་ཟོན་གཞུང་དོན་ཁང་དུ་ཏེང་ཞའོ་ཀང་དང་བཅས་པས་མི་དམངས་མཁའ་ཟོན་འདུ་འགོད་འཛུགས་སྐྱོང་བྱ་ཚུལ་ལ་གཟིགས་ཞིབ་གནང་ནས་མི་དམངས་མཁའ་ཟོན་གྱི་འཕྲལ་སྡོམ་བཀོད་འདོམས་ནང་སྦྱོང་ལ་གཟིགས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་མི་དམངས་མཁའ་ཟོན་གྱི་ལས་དོན་སྙན་ཞུ་གསན་པ་རེད། 

ཏེང་ཞའོ་ཀང་གིས་མི་དམངས་མཁའ་ཟོན་ནི་རྒྱལ་སྲུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གལ་ཆེན་ཞིག་དང་དམངས་ཡོངས་རང་བཞིན་གྱི་འགོག་སྲུང་ལས་དོན་དང་རྒྱལ་དམངས་གཉིས་ཕན་གྱི་སྤྱི་ཕན་བྱ་གཞག་ཅིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་མི་དམངས་མཁའ་ཟོན་གཞུང་དོན་ཁང་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བརྩོན་པ་ལྷུར་ལེན་དང་ལས་དོན་ཏན་ཏིག་བསྒྲུབས་ནས་མི་དམངས་མཁའ་ཟོན་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོན་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས། དམག་དཔུང་དང་ས་གནས་མགྱོགས་མྱུར་མཉམ་འདྲེས། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་མི་དམངས་མཁའ་ཟོན་གྱི་འཐབ་ཕྱོགས་ཐོག་ལས་དོན་སྒྲུབ་བཞིན་པའི་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

ཏེང་ཞའོ་ཀང་གིས་ལྗོངས་ཡོངས་ཀྱི་མི་དམངས་མཁའ་ཟོན་ཁོངས་གཏོགས་ཀྱིས་གཅིག་ནས་ཁ་ཕྱོགས་བརྟན་དུ་བཏང་སྟེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། ཏང་གི་འགོ་ཁྲིད་ཀྱི་ཞུམ་མེད་སྟོབས་ལྡན་འགན་ལེན་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསམ་བློ་དང་། ཆབ་སྲིད་། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས། ཆད་ལུས་མེད་པའི་སྒོ་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། གཉིས་ནས་ནུས་པ་ཆེ་རུ་བཏང་སྟེ་ཚན་རིག་དང་མཐུན་པའི་འཆར་འགོད་མཐའ་འཁྱོངས་བྱེད་པ་དང་། ཚད་གཞི་མཐོ་བ་དང་བླང་བྱ་ནན་པོའི་སྒོ་ནས་མི་དམངས་མཁའ་ཟོན་གྱི་འདུ་འགོད་ཡག་པོ་སྐྲུན་པ། དོ་དམ་ཡག་པོ་བྱེད་པ། ཡག་པོ་སྤྱོད་པ་དང་དངོས་འཐབ་ལ་གཞི་ཚུགས་པ་དང་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་མངོན་གསལ་དོད་དུ་གཏོང་བ་བཅས་བྱས་ནས་མི་དམངས་མཁའ་ཟོན་ལས་དོན་གྱི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། གསུམ་ནས་དཔུང་ཁག་ལ་ཤུགས་སྣོན་བརྒྱབ་སྟེ་བསམ་བློ་ཆབ་སྲིད་དང་། ལས་སྒོའི་ནུས་པ། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་སྒོ་བྱང་ཆུབ་པ། སྒྲིག་ཁྲིམས་ནན་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་མཁའ་ཟོན་གྱི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས་པ། བཞི་ནས་ཁོར་ཡུག་ལེགས་པོ་ཞིག་བཏོད་ནས་མི་དམངས་མཁའ་ཟོན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། དྲིལ་བསྒྲགས་སློབ་གསོ་སྡེ་ཁུལ་དང་། ལས་ཁུངས། ཁེ་ལས། སློབ་གྲྭ ཞིང་འབྲོག་ཁུལ་བཅས་སུ་དྲིལ་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་དང་། མི་དམངས་མཁའ་ཟོན་གྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་མི་དམངས་མཁའ་ཟོན་གྱི་འཛུགས་སྐྲུན་ལ་བསམ་ཤེས་དང་། དོ་ཁུར། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་བརྟན་དུ་དང་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།