བོད་རང་སྐྱོང་ལྗོངས་བོད་ལུགས་མིག་མངས་མཐུན་ཚོགས་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས28ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་མིག་མངས་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་བོད་ལུགས་མིག་མངས་མཐུན་ཚོགས་ནི་རང་ཚུགས་ཁྲིམས་ཚན་གྱི་ཐོབ་ཐང་ཡོད་པའི་ཆེད་ལས་རང་བཞིན་གྱི་མང་ཚོགས་ལུས་རྩལ་གྱི་སྤྱི་ཚོགས་ཚོགས་པ་ཞིག་དང་། བོད་ཀྱི་མིག་མངས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་གཞག་ལ་བརྩོན་སེམས་ཆེ་བའི་མིག་མངས་དོ་དམ་མི་སྣ་དང་། ཆེད་ལས་མིག་མངས་བ། ལས་ཞོར་མིག་མངས་བ། བོད་ལུགས་མིག་མངས་ལ་དགའ་པོ་བྱེད་མཁན། མིག་མངས་རྩ་འཛུགས་དང་དེ་བཞིན་སྤྱི་ཚོགས་ཚོགས་པ་གཞན་དག་སོགས་རང་མོས་ངང་ཞུགས་པའི་ལྗོངས་ཡོངས་ཀྱི་ཁེ་བཟང་དོན་གཉེར་བྱེད་མཁན་མིན་པའི་སྤྱི་ཕན་སྤྱི་ཚོགས་ཚོགས་པ་ཞིག་ཡིན་པ་རེད། མཐུན་ཚོགས་དེ་ནི2012ལོ་ནས་གྲབས་འཛུགས་བྱས་པ་དང་། ད་ལོའི་ཟླ་བདུན་པར་རང་སྐྱོང་ལྗོངས་སྲིད་གཞུང་གིས་འཛུགས་རྒྱུར་མོས་མཐུན་གནང་ཞིང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་འཛུགས་རྒྱུར་ཆོག་མཆན་སྤྲད་པ་རེད། མཐུན་ཚོགས་དེར་ད་དུང་ཀྲུང་གོ་གནའ་བོའི་རིག་གནས་དྲ་བ་དང་། ཆིང་ཧྭ་སློབ་ཆེན་མིག་མངས་རིག་གནས་སྤེལ་རེས་ཐེབས་རྩ་ཚོགས་པ། ཧུའུ་ནན་ཤང་ཐན་སློབ་ཆེན་སོགས་ཚན་པའི་རྒྱབ་སྐྱོར་ཐོབ་ཡོད་ལ། རང་ལྗོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཞིག་གིས་མཐུན་ཚོགས་དེའི་ལས་འགན་ཁུར་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་བོད་ལུགས་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲང་ཐའོ་ཡིས། བོད་ལུགས་མིག་མངས་ནི་བོད་ཀྱི་རིག་གནས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རྩ་ཆེན་ཞིག་ཀྱང་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།