ཝུའུ་དབྱིང་ཅེ་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅིར་བསྐོ་གཞག་གནང་བ།

2016d8f62702192dd3420b.jpg

ཟླ8ཚེས28ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ནས། བློ་མཐུན་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་གོ་གནས་བཞེས་རྒྱུ་དང་། བློ་མཐུན་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་མི་བཞེས་རྒྱུའི་ཀྲུང་དབྱང་གི་གཏན་འབེབས་ཁྱབ་བསྒྲགས་བྱས་ཤིང་། འདི་ནི་ཝུའུ་དབྱིང་ཅེ་དང་ཁྲེན་ཆོན་གོ་རྣམ་གཉིས་ཕན་ཚུན་ཕྱག་གཏོང་གནང་བཞིན་ཡོད་པ།

2016d8f62702192dd35c0c.jpg

ཟླ8ཚེས28ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ནས། བློ་མཐུན་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་གོ་གནས་བཞེས་རྒྱུ་དང་། བློ་མཐུན་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་མི་བཞེས་རྒྱུའི་ཀྲུང་དབྱང་གི་གཏན་འབེབས་ཁྱབ་བསྒྲགས་བྱས་ཤིང་། འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས28ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཅང་ཤིན་ཀྲེ་ཚོགས་འདུར་ཕེབས་པ་དང་འབྲེལ་བློ་མཐུན་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་གོ་གནས་བཞེས་རྒྱུ་དང་། བློ་མཐུན་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་མི་བཞེས་རྒྱུའི་ཀྲུང་དབྱང་གི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད།

ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་རེད།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རག་སྡིས། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཏེང་ཞའོ་ཀང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།ཞུས་ཡུང་དང་། ཝང་ཅན་ཝུའུ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཝང་རུའེ་ལན། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་། ལེགས་མཆོག་དང་པ་སངས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་ཚོགས་འདུར་ཕེབས་ཡོད་པ་རེད།

ཁྲེན་ཆོན་གོས་ངས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀའ་དང་ལེན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ལོ་5ལྷག་ཙམ་རིང་ངས་སྔ་བར་ཕྱི་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་ནན་པོ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གུས་ཤིང་བཀུར་བའི་བསམ་བློ་འཆང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་དཀར་སེམས་དཀར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚན་ཁག་གཅིག་པའི་མི་སྣ་དང་མཉམ་དུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་དོན་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ལྗོངས་ཞི་མཐུན་བརྟན་ལྷིང་དང་། ཚན་རིག་དང་མཐུན་པའི་གོང་འཕེལ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་བཅོས། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད། གྲུབ་འབྲས་དེ་འདྲ་ཐོབ་དོན་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་དོན་གལ་ཆེན་གྱི་མཛུབ་ཁྲིད་ལ་བརྟེན་ནས་བྱུང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བཅས་ཀྱི་འགོ་ཁྲིད་ཚན་ཁག་གིས་ཕྱར་བ་གྲུ་འདེགས་བྱས་པ་ལས་བྱུང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་བཅས་ཡིན་ཞེས་གསུངས་པ་རེད།

ཁྲེན་ཆོན་གོས་སེམས་འགུལ་ཆེན་པོ་ཐེབས་བཞིན་འདས་ཟིན་པའི་ལོ་5ལྷག་ཙམ་རིང་བརྒྱུད་མྱོང་བའི་ལག་ལེན་གྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱེད་སྐབས་གནས་ཚུལ་མང་དག་ཅིག་ཇི་མ་ཇི་མ་བཞིན་མིག་ལམ་དུ་མངོན་པ་དང་འདས་དོན་མང་དག་ཅིག་མིག་ལམ་དུ་འཆར་གྱི་འདུག་པས་ང་རང་སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར་ཞིང་སེམས་འགུལ་ཚད་མེད་ཐེབས་བྱུང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་ཡུན་རིང་པོའི་ནང་ང་ལ་བྱམས་བརྩེའི་ཐུགས་ཁུར་དང་། གསོ་སྐྱོང་། སློབ་གསོ། ཚད་མཐོའི་ཡིད་ཆེས་བཅས་གནང་བ་ངས་དུས་ནམ་ཡང་བློ་ལ་བརྟན་པོ་ངེས་རྒྱུ་ཡིན། རང་ཉིད་དང་མཉམ་དུ་དཔུང་པ་མཉམ་གཤིབ་ངང་ལས་ཀ་བྱེད་མྱོང་བའི་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཚན་ཁག་ཆེན་པོ་ཁག་དང་། ཞིང་ཆེན་དང་དམག་ཁུལ་ཁང་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་མཉམ་དུ་ཚོད་བགམ་ཐེག་པ་དང་། ཉེན་ཁ་བསལ་བ། འགྲན་སློང་ལ་ཁ་གཏད་བཅག་པ་བཅས་ངས་བརྗེད་ཐབས་མེད། ངས་རང་ཉིད་ལ་ཡིད་ཆེས་དང་རྒྱབ་སྐྱོར་གང་ལེགས་གནང་མཁན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བརྗེད་ཐབས་མེད། ཁོང་ཚོའི་ལུས་ཐོག་ནས་གཅིག་སྡུད་ངང་མངོན་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས། “ཡོད་པ་གསུམ་དང་མི་སྐྲག་པ་བཞིའི”བླ་ན་མེད་པའི་ཀུན་སྤྱོད་རྣམས་ངའི་སེམས་དབུས་སུ་གནས་པས་ནམ་ཡང་བརྟན་སྲུང་དང་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་རྒྱུ་ཡིན། སྙིང་ཉེ་བ་དང་། གཅེས་པར་འོས་པ། གུས་པར་འོས་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ཡིས་ཏང་དང་རླབས་ཆེན་མེས་རྒྱལ་དང་དེ་བཞིན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་དང་། བཀའ་དྲིན་སྙིང་བཅངས། དགའ་ཞེན་ཚད་མེད་བཅས་བྱེད་ལུགས་བརྗེད་ཐབས་མེད། ཁོང་ཚོས་ཁོག་ཡངས་དཀྱེལ་ཆེ་དང་། ལས་བརྩོན་བློ་ལྡན། བབ་ཆགས་སེམས་བཟང་། དཔའ་ངར་ཟོལ་མེད་བཅས་ཀྱི་ཕུལ་བྱུང་ཀུན་སྤྱོད་ཀྱིས་ང་ལ་ཤུགས་རྐྱེན་དང་སེམས་འགུལ་ཚད་མེད་ཐེབས་བྱུང་། ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པས་ཚབ་མཚོན་གནང་བའི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་ཚོས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་ངས་བརྗེད་ཐབས་མེད། ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་དང་རག་སྡིས་སོགས་བོད་ནས་ཞལ་གྱེས་ཏེ་ཀྲུང་དབྱང་ངམ་ཡང་ན་ས་ཆ་གཞན་ལ་ཕྱག་ལས་གནང་བར་ཕེབས་པའི་དབུ་ཁྲིད་རྒན་གྲས་ཚོས་ཐོག་མཐའ་བར་གསུམ་དུ་བོད་ལ་ཐུགས་ཁུར་དང་བོད་ལ་བརྩེ་སེམས་འཆང་ལུགས་ངས་བརྗེད་ཐབས་མེད། རྒྱལ་མཚན་ནོར་བུ་དང་། ལེགས་མཆོག པ་སངས་སོགས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བསྐྱོན་མཁན་ལས་བྱེད་པ་དང་བློ་མཐུན་རྒན་གྲས་ཚོས་ལྷག་བསམ་རྣམ་དག་ངང་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ལུགས་ངས་བརྗེད་ཐབས་མེད། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་དམག་དམངས་མཉམ་འདྲེས་དང་འཕེལ་རྒྱས་ཡོང་རྒྱུར་རང་རྟོགས་ངང་སྐུལ་འདེད་བཏང་ལུགས་དང་། ས་གནས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ལུགས་ངས་བརྗེད་ཐབས་མེད། མཛེས་ཉམས་ཀྱིས་རབ་ཏུ་ཕྱུག་པའི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཟིན་པའི་ས་གཞི་གཤིན་པོ་དེ་ངས་བརྗེད་ཐབས་མེད་ལ། བོད་ཀྱི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ནི་ངའི་དྲན་པའི་མེ་ལོང་ངོས་ཀྱི་མཛེས་རིས་ཡག་ཤོས་དང་ཡུལ་ལྗོངས་མཛེས་ཤོས་ཡིན་ཞེས་གསུངས་པ་རེད།

ཁྲེན་ཆོན་གོས་ཀྲུང་དབྱང་གིས་བློ་མཐུན་ཝུའུ་དབྱིང་ཅེ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིར་བསྐོ་གཞག་བྱ་རྒྱུའི་གཏན་འཁེལ་གནང་བ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས་ངས་བརྩི་སྲུང་དང་མོས་མཐུན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། བློ་མཐུན་པད་མ་འཕྲིན་ལས་དང་། བློ་བཟང་རྒྱལ་མཚན། ཏེང་ཞའོ་ཀང་སོགས་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་བློ་མཐུན་ཚོའི་ཤུགས་ཆེའི་རྒྱབ་སྐྱོར། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རིམ་པ་ཁག་དང་སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོའི་ཀུན་སེམས་གཅིག་སྒྲིལ་བཅས་ཡོད་པས། བློ་མཐུན་ཝུའུ་དབྱིང་ཅེའི་སྣེ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ་ངེས་རེད། བོད་ལ་ལོ་5ལྷག་ཙམ་ལས་དོན་བསྒྲུབས་པའི་དུས་ཚོད་ནི་ངའི་མི་ཚེའི་ནང་རྡོ་ལ་རི་མོ་བརྐོས་པ་ལྟར་ནམ་ཡང་བརྗེད་ཐབས་བྲལ་བའི་སྤྱིར་བཏང་མ་ཡིན་པའི་འབད་འཐབ་བརྒྱུད་རིམ་ཞིག་ཡིན་པས་བོད་ཀྱི་མི་དམངས་དང་གངས་ལྗོངས་ས་མཐོ་དུས་ནམ་ཡང་ངའི་སེམས་ནང་བརྟན་པོར་གནས་ངེས་ཡིན། སླད་ཕྱིན་ང་རང་ས་ཕྱོགས་གང་དུ་སླེབས་ཀྱང་རྟག་ཏུ་བོད་ལ་དོ་ཁུར་དང་བོད་དྲིལ་བསྒྲགས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་སོགས་བྱ་གཞག་ཁག་ལ་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས། ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་ཡིན། དུས་མཚུངས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་། ཡིད་ཆེས། མངགས་བཅོལ་ཟབ་མོ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་བརྩེ་སེམས་ཟབ་མོས་ང་རང་ཆུང་དུས་ནས་བོད་ལ་འཚོ་བ་བསྐྱལ་བ་དང་། ལས་ཀ་བྱེད་པ། འཚར་ལོངས་བྱུང་བ་ཞིག་ཡིན། ཏང་དང་མི་དམངས་ཀྱིས་ང་རང་གསོ་སྐྱོང་བྱས་པ་དང་། བོད་ཀྱི་གནམ་ས་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ང་རང་གསོ་སྐྱོང་བྱས་བྱུང་། བོད་ནི་ངའི་ཕ་ཡུལ་གཉིས་པ་ཡིན་པས་ངས་རང་ཉིད་ས་སྐྱེས་རྡོ་སྐྱེས་ཀྱི་བོད་ཀྱི་མི་ཞིག་ལ་བརྩི་གི་ཡོད་ལ། ས་གཞི་འདི་དང་ལས་ལ་བརྩོན་ཞིང་བབ་ཆགས་པའི་བོད་ཀྱི་མི་དམངས་ལའང་ཧ་ཅང་དགའ་པོ་ཡོད། ཡུན་རིང་ནང་ངས་ཚང་མ་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཡོད། དེའི་རིང་འབད་འབུངས་ཀྱི་དཀའ་ཚེགས་འཕྲད་མྱོང་ཡོད་ལ། གྲུབ་འབྲས་ཐོབ་པའི་དགའ་ཚོར་ཡང་བྱུང་མྱོང་ཡོད། སླད་ཕྱིན། ལས་གནས་གསར་པའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ལྷག་ཙམ་ལ་མུ་མཐུད་ཞབས་འདེགས་ཞུ་རྒྱུ་བྱུང་བར་འགན་འཁྲི་ནི་གཟི་བརྗིད་དང་ལས་འགན་ནི་ལྕི་པོ་ཡིན་པ་ཚོར་བྱུང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། བློ་མཐུན་པད་མ་འཕྲིན་ལས་དང་། བློ་བཟང་རྒྱལ་མཚན། ཏེང་ཞའོ་ཀང་སོགས་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པས། ངས་རང་ནུས་ཡོད་རྒུ་བཏོན་ཏེ་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་ཁོངས་མི་དང་། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཚན་ཁག་གི་སྣེ་འཁྲིད་ནས“བོད་སྐྱོད་པ་རྒན་གྲས”དང“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། བློ་མཐུན་ཁྲེན་ཆོན་གོས་ཚན་ཁག་གི་འགོ་གཙོ་གནང་བའི་སྐབས་བརྒྱད་པའི་ལྗོངས་ཏང་ཨུད་ཀྱིས་གསར་གཏོད་བྱས་པའི་བསམ་ཕྱོགས་བཟང་པོ་དང་། བྱ་ཐབས་བཟང་པོ། ཉམས་མྱོང་བཟང་པོ་བཅས་མཐའ་འཁྱོངས་བྱས་ཐོག གཡོ་སྒུལ་མི་ཐེབས་པ་དང་ལྷོད་གཡེང་མི་གཏོང་བར་སྲིད་ཇུས་ཀྱི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ་ལས། “འགྱུར་ལྡོག་ཡང་སེ་མི་གཏོང་བར”རྒྱུན་སྲིང་ལྷོད་མེད་དང་ཡུན་རིང་འབད་འབུངས་བྱས་ནས་འབད་པ་ལྡབ་འགྱུར་གྱིས་བོད་འདི་ཉིད་བརྟན་ལྷིང་དང་། འཕེལ་རྒྱས། འཛུགས་སྐྲུན་བཅས་ཡག་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་བརྩམ་རྒྱུར་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས། སླད་ཕྱིན་གྱི་ལས་དོན་ནང་ཏང་ལ་རྦད་དེ་བློ་དཀར་སེམས་དཀར་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་བཅས་མཐའ་འཁྱོངས་བྱས་ཏེ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་ཏན་ཏིག་བཏང་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་། ཏང་ལ་སེམས་ཁྲལ་སེལ་རོགས་བྱེད་པ། ཏང་ལ་འགན་འཁུར་རོགས་བྱེད་པ། ཏང་ལ་ལས་འགན་གཙང་སྒྲུབ་བྱེད་རོགས་བཅས་བྱ་རྒྱུ་ཡིན། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ“གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ཐོན་པ”དང་། “མེད་པ་གསུམ”དང“བརྟན་ལྷིང་གསུམ”ཡོང་བའི་འགན་ལེན་བྱ་རྒྱུ། དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱ་རྒྱུ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་སྟེ་ནམ་མཁའ་དྭངས་ཤིང་ས་གཞི་སྔོ་ལ་ཆུ་མོ་གཙང་བའི་འགན་ལེན་བྱ་རྒྱུ། མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩ་ལེགས་སུ་མཐའ་གཅིག་ཏུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ། ཏང་ནན་པོས་བསྐྱངས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་སྔར་བས་གཅིག་ཏུ་སྒྲིལ་རྒྱུ། སྤྱོད་གཙང་གཞུང་དྲང་ཡོང་བ་བྱས་ཏེ་དབང་ཆར་གུས་བཀུར་བྱེད་པ་དང་། དབང་ཆར་དོ་དམ་ཡག་པོ་བྱེད་པ། དབང་ཆ་གཟབ་ནན་ངང་སྤྱོད་པ། སྤྱོད་གཙང་རང་གཅུན་དང་ཁ་ཞེ་གཉིས་མེད་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས། བློ་མཐུན་ཁྲེན་ཆོན་གོས་ཏང་ལ་བློ་དཀར་སེམས་དཀར་གནང་བ་དང་། ཏང་གཤིས་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་པ། ཕུགས་བསམ་དད་སེམས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ། སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ། རྙོག་འཛིང་ཆེ་བའི་གནས་ཚུལ་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་བ་མ་ཟད། དམ་པ་དོན་གཉེར་གནང་མཁན་ཞིག་ཀྱང་རེད། ཉིན་མཚན1900ཙམ་རིང་དུ་གངས་ལྗོངས་ས་མཐོར་བརྟན་སྲུང་དང་ལེགས་སྐྱེས་འབུལ་བའི་ནང་། བློ་མཐུན་ཁྲེན་ཆོན་གོས་བསམ་བློར་བཅིངས་འགྲོལ་དང་། འགན་འཁྲི་འཁུར་ཕོད་པ། ལས་འགན་སྒྲུབ་ཕོད་པ་བཅས་ཀྱི་ཐོག་ནས། ང་ཚོའི་སྣེ་འཁྲིད་དེ་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་འཚམ་པ། མི་རིགས་ཁག་གི་མང་ཚོགས་ལ་བདེ་རྩ་བསྐྲུན་པའི་མཐའ་སྐྱོང་བོད་བརྟན་གྱི་ལམ་བུ་གསར་པ་བཏོད་པ་མ་ཟད། དམག་འཐབ་དྲག་པོ་མང་པོར་རྒྱལ་ཁ་ཐེངས་མང་བླངས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར། ལྗོངས་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོའི་སྙིང་དབུས་ནས་སྲུང་བརྩི་ཐོབ་སྟེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་དབར་བརྩེ་བ་ཟབ་མོ་ཆགས་པ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བརྗེད་ཐབས་བྲལ་ལ། བོད་ཀྱི་ལོ་རྒྱུས་ཀྱིས་ཀྱང་བརྗེད་ཐབས་བྲལ། བློ་མཐུན་ཁྲེན་ཆོན་གོས་ལས་གནས་གསར་པའི་ཐོག་སླར་ཡང་གཟི་བརྗིད་བཏོད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་མ་ཟད། བློ་མཐུན་ཁྲེན་ཆོན་གོས་མུ་མཐུད་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་དང་། བོད་དུ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཡང་ཡང་ཕེབས་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས། མིག་སྔར། བོད་འདི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་པ་དང་། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཐད་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད། ང་ཚོས་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ། དེ་བཞིན་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཁར། ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་འཆར་འགོད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱས་ནས། ད་ཡོད་ཀྱི་ལས་ཀའི་རྨང་གཞི་བཟང་པོའི་ཐོག ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་གནད་ལ་འཁེལ་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་རྩ་ལེགས་སུ་ཧུར་ཐག་གཏོང་བ། ཐོག་མཐའ་བར་གསུམ་དུ་སྣོད་བཅུད་སྲུང་སྐྱོང་གོང་བཀུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱེད་པ་མ་ཟད། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཡག་ཏུ་གཏོང་རྒྱུ་འགན་ལེན་བྱེད་པ། སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་རྒྱུ་འགན་ལེན་བཅས་བྱས་ནས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།