བོད་ལྗོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པར་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔའི་ཚན་བཅུ་གཉིས་པའི”ཚུན་དུ་ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་བོད་སྐྱོར་བརྟན་པོའི་ངང་སྤེལ་ནས་རྒྱུན་ཆད་མེད་པར་གྲོན་དངུལ་དང་ཡོ་བྱད་ལ་གཏོང་ཆ་མང་དུ་བཏང་སྟེ། རྣམ་པ་འདྲ་མིན་གྱི་ཆེད་དོན་རྩལ་ནུས་གསོ་སྦྱོང་བྱས་ནས་རང་ལྗོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནུས་པ་དང་ལག་རྩལ་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་རེད།

“ལོ་ལྔའི་ཚན་བཅུ་གཉིས་པའི”རིང་། ཁོར་ཡུག་སྲུང་སྐྱོང་པུས་ཀྲུང་དབྱང་ནོར་སྲིད་ལ་བོད་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྱོང་མ་དངུལ་སྒོར་ཁྲི3905.67རེ་ཞུ་བྱ་རྒྱུར་ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་ཀྱིས་གཞོགས་འདེགས་བྱས་ནས། གཙོ་གནད་ཐོག་རང་ལྗོངས་ཀྱི་ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་དང་། གྲོང་ཁྱེར་ཁོར་ཡུག་གི་མཁའ་རླུང་གི་ཚད་གཞི་གསར་པའི་རང་འགུལ་ལྟ་ཞིབ་ཚད་ལེན། གྲོང་ཁྱེར་དང་རྫོང་རིམ་པའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཚད་ལྡན་ནུས་པ་འཛུགས་སྐྱོང་བཅས་ལ་རོགས་སྐྱོར་གཙོ་གནད་དུ་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར6གི་མཁའ་རླུང་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་རྒྱུར་མཛུབ་ཁྲིད་བྱས་ནས་གནམ་མཚོ་ས་ཚིགས་རྒྱལ་ཁབ་ཀྱི་རྒྱབ་ལྗོངས་མཁའ་རླུང་ལྟ་ཞིབ་ཚད་ལེན་དྲ་བའི་སྐབས་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་ལྟ་ཞིབ་རྩིས་ལེན་བྱས་པའི་ཡན་ལག་ས་ཚིགས་དང་པོར་གྱུར་པ། ས་ངོས་ཆུའི་ལྟ་ཞིབ་ཚད་ལེན་དང་། འཐུང་ཆུའི་ཆུ་ཁུངས་ཁུལ་གྱི་ཆུ་སྤུས་ལྟ་ཞིབ་ཚད་ལེན། མཁའ་རླུང་རང་འགུལ་ལྟ་ཞིབ་ཚད་ལེན་སོགས་བྱས་པ་དང་། རང་ལྗོངས་ལ་དྲ་རྒྱའི་འཁོར་སྐྱོད་འགྲོ་གྲོན་བསྡོམས་སྒོར་ཁྲི1060.4སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།