​བོད་ལྗོངས་ཀྱིས་དངུལ་རྩའི་རྒྱབ་སྐྱོར་གྱི་ཤུགས་ཆེ་རུ་བཏང་ནས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་ཧུར་ཐག་སྒོས་ཡིད་རྟོན་དངུལ་བུན་བྱེད་སྒོས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་བྱ་བ་རྒྱ་ཆེར་སྤེལ་པ་དང་།  དངུལ་རྩའི་རྒྱབ་སྐྱོར་གྱི་ཤུགས་ཆེ་རུ་བཏང་ནས་གནས་སྐོར་འཕེལ་རྒྱས་ཀྱི་ཐད་དུ་ཤུགས་བསྣན་ཏེ། གནས་སྐོར་ཁེ་ལས་དང་དངུལ་རྩའི་ལས་རིགས་བར་གྱི་འབྲེལ་མཐུད་ལ་སྐུལ་འདེད་བྱས།   མིག་སྔར། བོད་ལྗོངས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཡན་ལག་དངུལ་ཁང་དང་།བོད་ལྗོངས་བཟོ་ཚོང་ཡན་ལག་དངུལ་ཁང་། བོད་ལྗོངས་ཞིང་ལས་ཡན་ལག་དངུལ་ཁང་།ཀྲུང་གོའི་དངུལ་ཁང་གི་བོད་ལྗོངས་ཡན་ལག་དངུལ་ཁང་།  བོད་ལྗོངས་འཛུགས་སྐྲུན་དངུལ་ཁང་གི་ཡན་ལག་དངུལ་ཁང་།  བོད་ལྗོངས་དམངས་འཚོ་དངུལ་ཁང་གི་ཡན་ལག་དངུལ་ཁང་སོགས་ཀྱིས་གནས་སྐོར་ལས་རིགས་ལ་རྒྱབ་སྐྱོར་བྱེད་པའི་ཡིད་རྟོན་དངུལ་བུན་བྱེད་སྒོ་རྒྱ་ཆེར་སྤེལ་ཡོད། 

2015ལོའི་ལོ་མཇུག་གི་ཚུན་དུ། “དངུལ་རྩའི་ཞབས་ཞུ་ས་ཚིགས”སམ་རོང་འབྲོག་མང་ཚོགས་ལ་རོགས་བྱས་ནས་དངུལ་ལེན་པའི་ཞབས་ཞུ་ས་ཚིགས3771བཙུགས་ནས་ཤང་གྲོང99.56%དང་སྲིད་འཛིན་སྡེ་བ57.87%ལ་ཁེབས་སུ་བཅུག་ཡོད། དེ་དང་ཆབས་ཅིག་ཏུ་དངུལ་རྩ་འཁོར་རྒྱུག་གི་ཞབས་ཞུ་བརྒྱུད་དེ།  ལྗོངས་ཡོངས་ཀྱི་རྫོང74དང་། ཤང་དང་གྲོང་རྡལ683། སྲིད་འཛིན་སྡེ་བ5263རུ་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་སུ་ཁེབས་པ་འགན་ལེན་ཏན་ཏིག་བྱས།  2016ལོའི་ཟླ5པའི་མཇུག་གི་ཚུན་དུ།   ཞིང་ལས་དང་འབྲེལ་ཡོད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར598.18ཡོད་པ་དང་། ལོ་མགོ་དང་བསྡུར་ན40.72%འཕར་སྣོན་བྱུང་ཡོད་ལ། དེའི་ཁྲོད་ཞིང་པ་ཁྱིམ་ཚང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར176.67ཡོད་པ་དང་། ལོ་མགོ་དང་བསྡུར་ན13.77%འཕར་སྣོན་བྱུང་ཡོད།  དབུལ་སྐྱོར་སྐྱེད་ཀ་སྤྲོད་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར412ཡོད་ལ། ལོ་མགོ་དང་བསྡུར་ན40.72%འཕར་ཡོད་ལ། དུས་མཉམ་དངུལ་བུན་སོ་སོའི་ལྷག་གྲངས་བརྒྱ་ཆའི་ཚེག26.67འཕར་མཐོ་བྱས་ཡོད། 

2015ལོའི་ལོ་མཇུག་ཏུ་སླེབས་པ་ན།  མངའ་ཁུལ་གནས་སྐོར་ལས་རིགས་ཀྱི་ཁེ་ལས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར25.47ཡོད་པ་དང་། དུས་མཉམ་ལས72.02%འཕར་སྣོན་བྱུང་ཡོད་ལ། ནུས་ལྡན་སྒོས་བོད་ལྗོངས་གནས་སྐོར་ལས་རིགས་ལ་སྐུལ་འདེད་བྱས། གཙོ་གནད་གནས་སྐོར་ལས་རིགས་ཀྱི་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཐད་ཡིད་རྟོན་དངུལ་བུན་གཏོང་བའི་ཤུགས་ཆེ་རུ་བཏང་ནས་གནས་སྐོར་གྱི་གཞི་རྩའི་སྒྲིག་བཀོད་ཁོར་ཡུག་ལེགས་བཅོས་ལ་ཧུར་བརྩོན་བྱས།  2016ལོའི་ཟླ6པའི་མཇུག་ཏུ་སླེབས་པ་ན། བོད་ལྗོངས་ཞིང་ལས་དངུལ་ཁང་གི་ཡན་ལག་དངུལ་ཁང་གིས་གནས་སྐོར་ཐོན་ལས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར4.96ཡོད་པ་དང་། དེའི་ཁྲོད་དབུལ་སྐྱོར་དངུལ་བུན་སྒོར་ཁྲི9500ཡོད་ལ། དེའི་ནུས་ལྡན་སྒོར་རོང་འབྲོག་མང་ཚོགས3000ལྷག་གི་ལས་ཞུགས་ལ་སྣེ་འཁྲིད་བྱས་ཏེ་ལོ་རེར་མི་རེ་ཡོང་འབབ་སྒོར་ཁྲི4.2ཡོང་བ་མངོན་འགྱུར་བྱུང་ལ། དོན་འཁྱོལ་སྒོས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་དུ་བཅུག  ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཐད་བསྡོམས་པས་དངུལ་བུན་སྒོར་དུང་ཕྱུར80བཏང་། དེ་དང་ཆབས་ཅིག་ཏུ།  མངའ་ཁུལ་གྱི་དངུལ་ཁང་སོ་སོའི་དངུལ་རྩའི་ལས་ཁུངས་ཀྱིས་དབུ་ཁྲིད་ཁེ་ལས་དང་། ཁྱད་ལྡན་ཐོན་ལས།  གནས་སྐོར་ཐོན་ལས་སོགས་ལ་གཙོ་གནད་རྒྱབ་སྐྱོར་བྱེད་པ་བརྒྱུད་དེ། དབུལ་ཕོངས་ཁྱིམ་ཚང་ཕྱུག་འགྱུར་གྱི་ལམ་བུར་བགྲོད་པར་རོགས་རམ་བྱས་པ་དང་། གནད་འཕིགས་དབུལ་སྐྱོར་བྱེད་པའི་དམིགས་འབེན་ཡང་མངོན་འགྱུར་བྱུང་ལ། དབུལ་ཕོངས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ལའང་རྒྱབ་སྐྱོར་བྱས།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།