བོད་ལྗོངས་ཀྱིས་གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཞབས་ཞུ་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་བོད་ལྗོངས་ཀྱིས་ལྗོངས་ཡོངས་སུ་ཤང་གྲོང་གི་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས353བཙུགས་པ་དང་། དེ་ཤང་གྲོང་སྤྱི་ཡི50%ཟིན། དེ་ལས་བོད་ལྗོངས་ཀྱིས་གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཞབས་ཞུ་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་བར་ངོ་བོ་རང་བཞིན་གྱི་གྲུབ་འབྲས་བླངས་བ་མཚོན།

གསར་འགོད་པས་བོད་ལྗོངས་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2013ལོ་ནས་བཟུང་། བོད་ལྗོངས་ཀྱིས་ཀྲུང་དབྱང་གིས་ཤང་གྲོང་རེར་མ་དངུལ་སྒོར་ཁྲི50བཏང་བ་ཧྲག་བསྡུ་བྱས་ཏེ། ས་གནས་དེ་ཆུ་བེད་དང་། ཞིང་ཕྱུགས་ཐིན། ནགས་ལས། གནམ་གཤིས་སྡེ་ཁག་གིས་ཤང་གྲོང་རེར་མ་དངུལ་སྒོར་ཁྲི5རེ་གནང་བར་བརྟེན་ནས། ཤང་གྲོང་གི་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལས་འགོ་བརྩམས། དེ་དང་ཆབས་ཅིག སློབ་ཆེན་དང་འབྲིང་རིམ་ཆེད་ལས་ཀྱི་སློབ་མ4000ལྷག་གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་ཞབས་ཞུ་བྱ་བ་སྒྲུབ་པར་མངགས་ཏེ། རོང་འབྲོག་ཁུལ་དུ་ཚན་རྕལ་ཞབས་ཞུ་མི་སྣ་དཀོན་པ་དང་དངོས་རྫས་མི་འདང་བའི་གནད་དོན་ཐག་གཅོད་བྱས།

བོད་ལྗོངས་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཏུའུ་ཅེ་ཡིས་བཤད་རྒྱུར། “བོད་ལྗོངས་སུ་ཞིང་ཕྱུགས་ལས་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་ཞིང་། ང་ཚོས་ཤང་གྲོང་གི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བཙུགས་པ་ནི་འགོ་ཁུངས་དང་གཞི་རིམ་ནས་བཟུང་སྟེ། རོང་འབྲོག་པའི་དངོས་སྤྱོད་ལག་རྩལ་གྱི་དགོས་མཁོ་ལྟར་རོང་འབྲོག་པར་ལག་རྩལ་ཕྱོགས་ཀྱི་མཛུབ་སྟོན་དང་། དུས་ལྟར་གསོ་སྦྱོང་སྤེལ་བ་ཡིན་ལ། 2009ལོ་ནས་བཟུང་། ལོ་རེར་གཞི་རིམ་གྱི་ཞིང་ལས་ལག་རྩལ་མཛུབ་སྟོན་པ་མི་ཐེངས900ལྷག་གསོ་སྦྱོང་བྱས་པ་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་འགན་འཁུར་མི་སྣ200ལ་ལྷག་གསོ་སྦྱོང་བྱས་ཡོད”ཟེར།

ངོ་སྤྲོད་ལྟར་ན། འཛམ་གླིང་ཡང་རྩེའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར70.17བཏང་སྟེ། ཚད་གཞི་མཐོན་པོའི་ས་ཞིང་དང་། འབྲོག་པའི་གཏན་སྡོད་ལས་གཞི། ཤང་གྲོང་གི་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་བཤེར་མ་ལག་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་སྐོར་ཞིག་ལག་བསྟར་བྱས་ཏེ། ཞིང་ཕྱུགས་ལས་འཕེལ་རྒྱས་བྱ་བར་སྐུལ་འདེད་བཏང་བར། འབྲི་རིགས་དང་སྔོ་ཚོད་ཀྱི་ཐོན་ཚད་སོ་སོ་ནས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་མཇུག་ལས10.3%དང19.8%འཕར་ཡོད་པ་རེད།

རྒྱུས་ལོན་ལྟར་ན། ན་ནིང་ལོ་མཇུག་བར་དུ། བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ཚན་རྩལ་ཆེད་མངགས་པ་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་ཡོད་ཅིང་། ཞིང་ཕྱུགས་ལས་ཐད་ཚན་རྩལ་གྱིས་བྱས་རྗེས་འཇོག་ཚད45.1%ལ་བསླེབས་ནས། ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ལས་བརྒྱ་ཆའི་ཆ5.1འཕར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱིས་རོང་མ་འབྲོག་དང་ཕྱུགས་ལས་རྐྱང་རྐྱང་གི་ཤང་གྲོང་གི་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས332འཛུགས་རྩིས་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།