བོད་ལྗོངས་མི་དམངས་སྲིད་གཞུང་གིས་དངུལ་བུན་སྒོར་དུང་ཕྱུར230བླངས་ཏེ་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན་གྱི་ཕྱི་དྲོར། བོད་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ལྷ་ས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཕན་ཚུན་བར་ཁ་གསབ་དངུལ་བུན་གཏོང་བའི་གན་རྒྱ་བཞག

བོད་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། བོད་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་འགོ་གཙོ་ཀྲུའུ་ཧྲུའུ་མིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། བོད་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། བོད་ལྗོངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏིང་ཞའོ་ཀང་། བོད་ལྗོངས་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ། བོད་ལྗོངས་རྒྱུན་ཨུའི་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཞན། བོད་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅི་ཀའོ་ཀང་ཚོགས་འདུ་ལ་ཞུགས།

ཐེངས་འདིའི་དངུལ་བུན་གན་རྒྱ་ནི་ཞིང་སྡེའི་ལམ་དྲ་འཛུགས་སྐྲུན་དང་དབུལ་ཕོངས་ས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ཐད་ཀྱི་དུས་ཡུན་རིང་བོའི་དངུལ་བུན་ཡིན་ཞིང་། སྐབས་དང་པོའི་སྐྱི་དངུལ་སྒོར་དུང་ཕྱུར230ཡོད་པ་དང་། བོད་ལྗོངས་ཀྱི་ཞིང་སྡེའི་གཞུང་ལམ་ལས་གཞི་འཛུགས་སྐྲུན་ཐད་བཀོལ་སྤྱོད་བྱེད་རྒྱུ་ཡིན་ཞིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར7འདུས་ཡོད། འདི་ནི་ད་ལོའི་ཟླ3པར་བོད་ལྗོངས་དང་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་བར་མ་དངུལ་སྒོར་དུང་ཕྱུར2000ལྷག་གི་དངུལ་བུན་བླངས་རྗེས་ཕན་ཚུན་བར་གྱི་མཉམ་ལས་གྲུབ་འབྲས་གལ་ཆེན་ཡང་གཅིག་ཡིན་པ་རེད།

བཞུགས་མོལ་ཚོགས་འདུའི་སྐབས་སུ། བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲིན་ཆོན་གོ་ཡི་ཚབ་བྱས་ཏེ་ཀྲུའུ་ཧྲུའུ་མིན་གྱི་འཁོར་དང་བཅས་བར་དགའ་བསུ་ཞུ་བར་མ་ཟད། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དུས་ཡུན་རིང་བོར་བོད་ལྗོངས་ཀྱི་བྱ་བར་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། བློ་བཟང་རྒྱལ་མཚན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་དངུལ་རྩའི་འཐབ་ཇུས་མང་པོ་ལག་བསྟར་བྱས་ཤིང་། ཕྱོགས་ཡོངས་ནས་ཀྲུང་དབྱང་གིས་བོད་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། 2015ལོའི་ལོ་མཇུག་ལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར2000ལས་བརྒལ་ཏེ། དངུལ་རྩས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་རྟེན་ནུས་ལྡན་འདོན་སྤྲོད་བྱས་ཡོད། དེ་བས་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བོད་ལྗོངས་ཀྱི་དོན་དངོས་དང་། འཚོ་བའི་ཁྲོད་ཀྱི་དཀལ་ངལ་དང་འཕེལ་རྒྱས་དགོས་མཁོ་ལ་དམིགས་ཏེ། དངུལ་བུན་གྱི་བེད་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཡུལ་གཞན་དབུལ་སྐྱོར་དང་དུས་མཉམ་གནས་སྤོར། མཐའ་མཚམས་ས་ཁུལ་གྱི་འབྱོང་འབྲིང་ཞིང་སྡེ་འཛུགས་སྐྲུན། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ཁྱད་ལྡན་ཕུལ་བྱུང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པའི་རེ་བ་བཏོན།

ཀྲུའུ་ཧྲུའུ་མིན་གྱིས་བསྟན་དོན། ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ནན་ཏན་གྱིས་སྤྱི་ཁྱབ་དངུལ་ཁང་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་སྲིད་ཇུས་དང་ལེན་དང་། བོད་ལྗོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཞིང་ལས་རྒྱབ་སྐྱོར་གྱི་དཔེ་སྟོན་ནུས་བ་འདོན་སྤེལ་བྱེད་རྒྱུ་དང་། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྔར་ལས་ལྷག་པར་བོད་ལྗོངས་སྲིད་གཞུང་བར་གྱི་འཐབ་ཇུས་མཉམ་ལས་གྲོས་ཡིག་དངོས་འབེབས་བྱས་ཏེ། མཉམ་ལས་དང་གསར་བསྐྲུན་བྱ་བར་ཞིབ་འཇུག་བྱེད་རྒྱུ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ལྷག་པར་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ། དེ་མིན་མཉམ་ལས་བྱ་བར་ཤུགས་བསྣན་ཏེ། སྲིད་ཇུས་བེད་སྤྱོད་གང་ལེགས་དང་། རྣམ་གྲངས་གྲ་སྒྲིག་ཡག་པོ་བྱས་ཏེ། བོད་ལྗོངས་དེ་ཉིད་ཞིང་ལས་སྲིད་ཇུས་རང་བཞིན་གྱི་བྱེད་སྒོ་འཕེལ་རྒྱས་དང་གསར་སྐྲུན་ཅན་གྱི་ཚོད་ལྟ་ཁུལ་དང་། དཔེ་སྟོན་ཁུལ། དངུལ་རྩ་མཉམ་ལས་ཀྱི་བདེ་འཇགས་ཁུལ་དུ་བསྐྲུན་རྒྱུ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་བོད་ལྗོངས་བརྟན་རླིང་དུ་གཏོང་དགོས་པའི”འཐབ་ཇུས་བསམ་བློ་གལ་ཆེན་དངོས་འབེབས་བྱེད་པར་བྱས་རྗེས་བཞག་སྟེ། བོད་ལྗོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཞབས་ཞུ་ཡག་པོ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཚོགས་ཐོག་ནས། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འགན་འཁུར་མི་སྣས་ཕན་ཚུན་བར་གྱི་གན་རྒྱ་ལ་མིང་ཐོ་བཀོད།     །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།