བོད་ཀྱི་འོས་འགན་སློབ་གསོ་ལྗོངས་ཡོངས་ཀྱི་སྤྱི་པའི་རྒྱུ་ནོར་འགན་ལེན་གྱི་ཁྱབ་ཁོངས་སུ་བཅུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་5པར་རང་ལྗོངས་ཀྱིས《གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་ལག་བསྟར་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར》བཏོན་ནས་འོས་འགན་སློབ་གསོ་རང་སྐྱོང་ལྗོངས་སྤྱི་པའི་རྒྱུ་ནོར་འགན་ལེན་ཁྱབ་ཁོངས་ནང་ཁྱོན་ཡོངས་ནས་འཇུག་རྒྱུ་དང་། “རིམ་ཁག་གི་འགན་འཁྲི་ཁ་གསལ་དང་། ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་དུ་འགན་འཁུར་བ། ནོར་སྲིད་ནས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ”བཅས་ཀྱི་རྩ་དོན་གཞིར་བཟུང་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས)སློབ་གྲྭ་བཅས་ཀྱི་རིམ་དབྱེའི་དོ་དམ་ལམ་སྲོལ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་དོ་སྙོམས་ངང་བཀོད་སྒྲིག་བྱ་རྒྱུར་སྤྱི་འདོམས་བྱས་ཏེ་འོས་འགན་སློབ་གསོའི་བྱ་གཞག་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《ཇུས་གཞི》དེའི་ནང་ས་ཁུལ(གྲོང་ཁྱེར)ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རིམ་ཁག་འགན་འཁྲིའི་འོས་འགན་ཁ་གསལ་བཟོས་ནས་སྲིད་འཛིན་ས་ཁོངས་དེའི་ནང་གི་དཀའ་ངལ་ཡོད་པའི་ས་ཁུལ་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི་ནོར་སྲིད་འགན་ལེན་ལམ་སྲོལ་དོན་འཁྱོལ་བྱས་ནས་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་དང་རོགས་དངུལ་གྱི་ལམ་ལུགས་མུ་མཐུད་ལག་ལེན་བསྟར་ཏེ་ཕན་པ་ཐོབ་པའི་སློབ་མའི་ཁྱབ་ཚད90%—92%བར་ཟིན་པ་བྱ་རྒྱུ་དང་འབྲེལ་ཟོག་གོང་ལ་གཞིགས་ནས་ལོ་རེ་བཞིན་མཐོ་རུ་གཏོང་དགོས་པ། མ་དངུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་སློབ་གསོའི་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་འོས་འགན་སློབ་གསོའི་རྨང་གཞིའི་ཆ་འཕྲིན་དོ་དམ་ལ་ཤུགས་སྣོན་དང་སློབ་གསོའི་བྱ་གཞག་གི་བསྡོམས་རྩིས་གྲངས་གཞི་ཕྱོགས་བསྡུས་བྱས་རྗེས་རིམ་པ་བཞིན་སྙན་སེང་ཞུ་བའི་ཁས་ལེན་ལམ་ལུགས་ལག་བསྟར་བྱས་ཏེ་བསྡོམས་རྩིས་གྲངས་གཞི་བདེན་པ་བདེན་ཐུབ་དང་འཕྱུགས་མེད་ཡོང་བའི་འགན་ལེན་བྱེད་དགོས་པ། ལྟ་ཞིབ་དང་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་ནོར་སྲིད་དང་སློབ་གསོ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་གྱི་མ་དངུལ་བེད་སྤྱོད་དོ་དམ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱེད་རིང་གནས་ཚུལ་ཐོན་པའི་ཚན་པར་ལྟ་སྡོམ་ནན་པོ་བྱས་ནས་བཅོས་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་སྒྱུར་བཅོས་ཀྱི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།