ལྷ་ས་གྲོང་ཁྱེར་གྱིས་ལས་རྨས་ལས་ཤོར་གྱི་འགན་བཅོལ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། ན་ནིང་ལྷ་ས་གྲོང་ཁྱེར་གྱིས་ལས་རྨས་འགན་བཅོལ་དང་ལས་ཤོར་འགན་བཅོལ་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་བ་དང་ལས་རྨས་འགན་བཅོལ་གྱི་ནང་ཞུགས་མཁན་མི་གྲངས49300ཟིན་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་མི་གྲངས42000གི117%ལེགས་གྲུབ་ཟིན་པ་དང་ལས་རྨས་འགན་བཅོལ་འགྲོ་གྲོན་སྒོར་ཁྲི3394འཇལ་ཏེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་སྒོར་ཁྲི1100ཡི་235%ལེགས་གྲུབ་ཟིན་ནས་ལས་རྨས་འགན་བཅོལ་ཐོབ་ཐང་སྒོར་ཁྲི1500གཏོང་སྤྲོད་བྱས་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས14820ཟིན་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་མི་གྲངས13600ཡི108.9%ལེགས་གྲུབ་ཟིན་པ་དང་ལས་ཤོར་འགན་བཅོལ་དངུལ་སྒོར་ཁྲི1790འཇལ་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་སྒོར་ཁྲི1202ཀྱི149%ལེགས་གྲུབ་ཟིན་པ་བཅས་རེད།

2015ལོར་ལྷ་ས་གྲོང་ཁྱེར་གྱི་ལས་རྨས་འགན་བཅོལ་ཐེབས་རྩའི་ནོར་དོན་འཁོར་རྒྱུག་ཐད་རང་སྐྱོང་ལྗོངས་རིམ་པའི་དུས་དངོས་ཀྱི་ལྟ་སྐུལ་ཚོད་འཛིན་དྲ་སྦྲེལ་འཁོར་རྒྱུག་མངོན་འགྱུར་བྱུང་ནས་ཐེབས་རྩའི་ཆེད་དངུལ་ཆེད་སྤྱོད་བྱེད་པར་གཏོང་ཡོང་ཕྱོགས་གཉིས་ཀྱི་དོ་དམ་བྱེད་ཐབས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་པ་རེད། གཞི་རིམ་གྱི་ཚབ་སྒྲུབ་ནུས་པ་སྔར་བས་ཆེ་རུ་བཏང་ནས་ལས་རྨས་འགན་བཅོལ་ཐོབ་ཐང་དབང་ཚད་དེ་རྫོང(ཆུས)བར་གཤམ་སྤྲོད་བྱས་པ་དང་། གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། མཉམ་དུ་སློབ་སྦྱོང་བྱེད་པ། ཁ་པར་ཐོག་འགྲེལ་བཤད་རྒྱག་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཞི་རིམ་ཚབ་སྒྲུབ་སྒྲིག་གཞིའི་ལས་དོན་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཐོག་རྫོང(ཆུས)ཁག་གིས་ལོ་འགོར་སྤྲད་པའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པར་གཞི་རིམ་ཚབ་སྒྲུབ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་པ་དང་ཚབ་སྒྲུབ་མི་སྣའི་ལས་སྒོའི་ཆུ་ཚད་མངོན་གསལ་དོད་པོས་མཐོར་རུ་ཕྱིན་ཁར་ཚབ་སྒྲུབ་ནུས་པའང་སྔར་བས་ཆེ་རུ་སོང་ཡོད། ལས་རྨས་སྔོན་འགོག་གསོ་སྦྱོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་རྫོང(ཆུས)ཁག་གི་ཁེ་ལས་ཀྱི་འགན་ཁུར་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་བ། རྫོང(ཆུས)གི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣ་སོགས་མི་གྲངས600ལྷག་ཙམ་ལ་ལས་རྨས་སྔོན་འགོག་གསོ་སྦྱོང་ཐེངས9བྱས་ནས་ལས་རྨས་འགན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས་དང་ཁེ་ལས་ཀྱི་རྒྱུན་གཏན་བདེ་འཇགས་ཐོན་སྐྱེད་ལས་དོན་དང་དེ་བཞིན་ལས་རྨས་སྔོན་འགོག་དང་མྱུར་སྐྱོབ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་བརྒྱབ་པས་མི་སྤྱོད་ཚན་པ་དང་ལས་བཟོའི་ཁྲིམས་སྲུང་དང་ཁེ་དབང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་ལས་རྨས་འགན་བཅོལ་སྲིད་ཇུས་ཁག་དང་བདེ་འཇགས་ཐོན་སྐྱེད་བྱེད་ཐབས་ཁག་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།