སློབ་གསོ་པུའུ་ཡིས་བོད་ལྗོངས་ཞིང་ཕྱུགས་སློབ་གླིང་འཛུགས་པར་ཆོག་མཆན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  སློབ་གསོ་པུའུ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཡི་གེ་བསྐུར་ནས། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིང་ཕྱུགས་སློབ་གླིང་གི་རྨང་གཞིའི་སྟེང་བོད་ལྗོངས་ཞིང་ཕྱུགས་སློབ་གླིང་འཛུགས་པར་འཐད་པ་བྱུང་། 

སློབ་གསོ་པུའུ་ཡིས་ཆོག་མཆན་ཁྲོད་བསྟན་དོན།  བོད་ལྗོངས་ཞིང་ཕྱུགས་སློབ་གླིང་ནི་དངོས་གཞི་རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་། དངོས་གཞིའི་སློབ་གསོ་གཙོ་བོར་བཟུང་སྟེ་སྐབས་བབ་དང་བསྟུན་ནས་ཞིབ་འཇུག་སློབ་མ་སྐྱེད་སྲིང་བྱེད་པའི་ལས་འགན་ཡང་ཁུར་ཡོད་ལ།  སློབ་གྲྭ་འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་སྣེ་ཁྲིད་དང་དོ་དམ་བྱེད་པ་དང་།  དེའི་འཕེལ་རྒྱས་སུ་མཁོ་བའི་འགྲོ་གྲོན་ཡང་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་ཐག་གཅོད་བྱས་ཡོད།  སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭའི་སློབ་མ་གནས་སྐབས་སུ་མི8000ལ་གཏན་ཁེལ་བྱས་ཡོད། སློབ་གྲྭར་ད་ལྟ་ཡོད་པའི་ཆེད་ལས་སྒྲིག་གཞི་ལེགས་སྒྲིག་དང་ཆེད་ལས་གསར་བ་ཁ་སྣོན་བྱེད་པ་སོགས་སློབ་གསོ་པུའུ་ཡི་འབྲེལ་ཡོད་གཏན་ཁེལ་ལྟར་སྒྲུབ་དགོས།  སློབ་གསོ་པུའུ་ཡི་ས་བབ་དང་བསྟུན་ནས་སློབ་གྲྭའི་སློབ་སྒྲུབ་གྱི་གནས་ཐིག་གཏན་ཁེལ་དང་། སློབ་ཁྲིད་ཀྱི་སྤུས་ཚད།  འཇོན་མི་སྐྱེད་སྲིང་བྱེད་པའི་གནས་ཚུལ་ལ་དཔྱད་བསྡུར་གནང་རྒྱུ་རེད། 

སློབ་གསོ་པུའུ་ཡིས་རང་སྐྱོང་ལྗོངས་ཀྱིས་སློབ་གྲྭ་འདིར་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ཏེ།  ལེགས་བཅོས་ས་ཁོངས་ཀྱི་མཐོ་རིམ་སློབ་གསོའི་སྒྲིག་གཞི་གནས་བབ་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། སློབ་གྲྭའི་ཚན་རིག་གི་གནས་བབ་གཏན་ཁེལ་བྱེད་པར་སྣེ་འཁྲིད་དེ་སློབ་གྲྭའི་འཕེལ་རྒྱས་འཐབ་ཇུས་ཀྱི་འཆར་གཞི་ཞིབ་འཇུག་ལ་ཤུགས་སྣོན་དང་།  ནང་ཁོག་འཛུགས་སྐྲུན་ལ་ཤུགས་སྣོན། འཇོན་མི་སྐྱེད་སྲིང་བྱེད་པའི་རྣམ་པ་གསར་སྐྲུན་བྱས་ཤིང་།  ཞབས་ཞུའི་ས་ཁོངས་སུ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་མཁོ་བའི་རྒྱུན་སྤྱོད་རང་བཞིན་དང་། ལག་རྩག་ནུས་རྩལ་རང་བཞིན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། མུ་མཐུད་དུ་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་མ་ལས་ཞུགས་ཀྱི་ཚད་ཇེ་མཐོར་བཏང་ནས། ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོ་བའི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་མདུན་སྐྱོད་ལ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།