བོད་ལྗོངས་ཀྱི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་ཁྲོད་རོང་འབྲོག་པའི་བུ་ཕྲུག་གིས84%ཟིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་སུ་བསྡོམས་པས་སློབ་མ23976མཐོ་རྒྱུགས་ལ་ཞུགས་ཤིང་། དེའི་ཁྲོད་རོང་འབྲོག་པའི་བུ་ཕྲུག་གིས84%ཟིན།

བོད་ལྗོངས་སློབ་གསོའི་རྒྱུགས་སྤྲོད་ཁང་གི་འགོ་གཙོ་ལུའུ་ཧྲི་ཁྲེན་གྱིས་བཤད་རྒྱུར། ད་ལོར་བོད་ལྗོངས་ཀྱི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ན་ནིང་ལས་མི1386ཇེ་མང་དུ་སོང་ཡོད་ཅིང་། བསྡོམས་པས་རྒྱུགས་ཁུལ10དང་། རྒྱུགས་ལེན་ས་ཚིགས25། རྒྱུགས་ར810བཀོད་སྒྲིག་བྱས་ཡོད། རྒྱུགས་ལེན་འདྲ་མཉམ་དང་དྲང་གཞག་ཡོང་བར་ཁག་ཐེག་བྱ་ཆེད། རྒྱུགས་ལེན་ས་ཚིགས་རེ་རེར་བརྙན་ཟློས་ཀྱི་ལྟ་སྐུལ་ཚོད་འཛིན་མ་ལག་བཙུགས་ཡོད་པ་མ་ཟད། གློག་རྡུལ་བརྡ་རྟགས་འགོག་ཆས་དང་། ཐོབ་ཐང་ལག་ཁྱེར་དབྱེ་འབྱེད་མ་ལག ལྕགས་རིགས་བརྟག་ཆས་སོགས་ལག་རྩལ་གྱི་སྒྲིག་ཆས་ཁ་ཚང་བཀོད་སྒྲིག་བྱས་ཡོད་ཟེར།

ལུའུ་ཧྲི་ཁྲིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་མཐོ་རྒྱུགས་དཀྱུས་མའི་སློབ་མ་བསྡུ་བའི་འཆར་གཞིའི་ཁྲོད། དབུལ་ཕོངས་ཆེད་དམིགས་འཆར་གཞི་དང་ཞིང་སྡེའི་ཆེད་དམིགས་འཆར་གཞི་རོང་འབྲོག་པའི་བུ་ཕྲུག་ལ་ཁ་ཕྱོགས་པའི་ལམ་ལུགས་བཙུགས་ཡོད་ཅིང་། སྐོར་ཐེངས་དབྱེ་ནས་སློབ་མ་བསྡུ་བའི་ལམ་ལུགས་ལོགས་སུ་བཙུགས་ཡོད། 2015ལོར་བོད་ལྗོངས་ཀྱི་རོང་འབྲོག་པའི་བུ་ཕྲུག་གི་སློབ་མ་བསྡུ་ཚད74.5%ཟིན་ཏེ། རོང་འབྲོག་བུ་ཕྲུག་སྔར་ལས་མང་པོ་ཞིག་གིས་སློབ་ཆེན་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ཟེར།

རྒྱུས་ལོན་ལྟར་ན། 1985ལོ་ནས་བཟུང་། སློབ་མ་རྣམས་ཀྱིས་རིན་མེད་སློབ་གསོ་མྱོང་བའི་རྨང་གཞིའི་སྟེང་། བོད་ལྗོངས་ཀྱི་རོང་འབྲོག་པའི་བུ་ཕྲུག་ལ“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས། མིག་སྔར་སྲིད་ཇུས་འདི་སློབ་ཞུགས་སྔོན་ནས་མཐོ་འབྲིང་བར་གྱི་ལོ15འདུས་ཡོད་ཅིང་། ཁ་གསབ་ཚད་གཞི་ལོ་རེར་མི་རེར་སྒོར3000རེ་བར་ཇེ་མཐོར་བཏང་ནས། སློབ་མ་མི་ཐེངས་ཁྲི52.5ལ་དངོས་ཕན་ཐོབ་ཡོད།

ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། རྒྱལ་ཁབ་དང་བོད་ལྗོངས་ཀྱིས་སློབ་གསོའི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར550བཏང་། ད་ལྟ་བོད་ལྗོངས་སུ་སློབ་སྔོན་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་འདུས་པའི་དེང་རབས་སློབ་གསོའི་མ་ལག་ཆ་ཚང་བཙུགས་ཡོད་པ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།