ལས་རིགས་སློབ་གསོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྗོངས་ཡོངས་ཀྱི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་རིང་གསར་འགོད་པར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་ནས་སྐལ་བཟང་ཆོས་སྒྲོན་འཕྲད་བྱུང་། ཁོང་གིས་གསར་འགོད་པར་ཟླ་ཕྱེད་གོང་ངས་བྱང་ཆུབ་པའི་གློག་ཀླད་ལག་རྩལ་ལ་བརྟེན་ནས་ཁྲེང་ཀོན་ཆུས་སྤྱི་ཚོགས་གཞི་རིམ་ཞབས་ཞུའི་ལས་སྟེགས་ཡིག་རྒྱུགས་ཁྲོད་ཨང་དང་པོ་བླངས་པ་ཡིན། མིག་སྔར་པེ་ཅིང་ཆ་འཕྲིན་མ་རྐང་ཚད་ཡོད་ཀུང་སིར་ལས་ཀ་བྱེད་ཀྱི་ཡོད་ལ། གླ་ཆའང་ཡག་པོ་འདུག་ཅེས་བཤད།

“ང་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་པའི་ཕྲུ་གུ་ཞིག་ཡིན། སློབ་སྦྱོང་བྱེད་རིང་སློབ་གྲྭས་ང་ཚོའི་ས་ནས་སློབ་ཡོན་ཕིང་གཅིག་ཀྱང་བསྡུ་གི་མེད་པས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཕྱིན་སོང”ཞེས་བློ་བཟང་ཆོས་སྒྲོན་གྱིས་དགའ་སྤྲོའི་ངང་བཤད་བྱུང་།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མའི་ལས་ཞུགས་ལས་དོན་གྱི་འགན་ཁུར་བ་ནོར་བུ་བཀྲ་ཤིས་ཀྱིས“ང་ཚོའི་སློབ་གྲྭའི་ནང་གི་སློབ་མ་མང་ཆེ་བ་ཞིང་འབྲོག་ཁུལ་ནས་ཡོང་བ་ཤ་སྟག་ཡིན་པས་ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་དེ་ཙམ་མེད། ལོ་འདི་དག་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག་ལས་རིགས་སློབ་གསོའི་སློབ་མ་དབུལ་པོས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་ལོངས་སྤྱོད་ཐུབ་པ་དང་སློབ་གྲྭས་བྱ་ཐབས་སྣ་མང་སྤྱད་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཡོད། མིག་སྔར་སྐབས་འདིའི་སློབ་ཐོན་སློབ་མ་སྤྱིར་ན་ལས་ཞུགས་ཐུབ་ཡོད”ཅེས་བཤད།

ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལས་ཞུགས་ཐུབ་པ་བྱེད་པར་ཁག་གཅིག་མཐོ་རིམ་སློབ་གསོར་བརྟེན་དགོས་པ་དང་མང་ཆེ་བ་ལས་རིགས་སློབ་གསོར་བརྟེན་དགོས་ཀྱི་ཡོད། དེ་ནི་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་ཤིག་རེད།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་རིགས་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་སུ་བཞག་པ་དང་། ལྗོངས་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཚད་བརྒལ་གལ་ཆེན་ཞིག་ཏུ་བརྩིས་ནས་རྨང་གཞི་བཏིང་བ་དང་། གྲུབ་ཆ་ལེགས་སྒྲིག ཚད་ལྡན་སྐུལ་གཏོང་། སྤུས་ཚད་མཐོར་གཏོང་བཅས་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་ལས་རིགས་སློབ་གསོར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་སྟེ། ཞིང་འབྲོག་པའི་བུ་ཕྲུག་ལ“འགན་ལེན་གསུམ”གྱི་སྲིད་ཇུས་དང་བྱ་དགའ་དང་། རོགས་དངུལ། ཁ་གསབ་སྲིད་ཇུས་བཅས་ལག་བསྟར་བྱས་པར་བརྟེན་སློབ་གསོའི་གཞུང་དྲང་ལ་སྐུལ་མ་ཤུགས་ཆེན་ཐེབས་པ་དང་། སློབ་གཉེར་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་པ་དང་ཆེད་ལས་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་ཕྱིན་པ། དེང་རབས་ཞིང་འབྲོག་ལས་དང་། དེང་རབས་ཞབས་ཞུའི་ལས་རིགས། སྣོད་བཅུད་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་བཅས་ཀྱི་ཁྱད་ལྡན་ཐོན་ལས་གཙོ་གནད་ཐོག་བསྐྲུན་ཡོད།

“ལས་རིགས་སློབ་གསོའི་དབུལ་སྒྲོལ་ལམ་བུའི་ཐོག‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཚད་ལྡན་ཅན་གྱི་ཁྱད་ལྡན་ལས་རིགས་སློབ་གྲྭ་ཞིག་གཙོ་གནད་ཐོག་ཡག་པོ་གཉེར་རྒྱུ་དང་ཡིག་ཚགས་དང་གཱ་བཟོས་ཏེ་ཁྱིམ་ཚང་དབུལ་པོའི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མར་ལས་རིགས་སློབ་གསོ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་ཁྱབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་ཁྲུའུ་ཡི་འགན་ཁུར་བས་གསར་འགོད་པར་དེ་ལྟར་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།